ཚད་དང་རན་པའི་འགུལ་སྐྱོད་ཟེར་བར་གོ་བ་ཇི་ལྟར་ལེན་དགོས།
2019.03.04 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 58

ཚད་དང་རན་པའི་འགུལ་སྐྱོད་ཟེར་བ་ནི་འགུལ་སྐྱོད་བྱེད་མཁན་མི་སྒེར་གྱི་ལུས་པོའི་གནས་ཚུལ་དང་། ལུས་སྦྱོང་ར་བ། ལུས་ཕུང་སྦྱོང་བརྡར་ཡོ་བྱད་དང་གནམ་གཤིས་ཀྱི་ཆ་རྐྱེན་སོགས་གཞིར་བཟུང་ནས་ཚད་དང་རན་པར་འདེམས་པའི་འགུལ་སྐྱོད་ཀྱི་རྣམ་གྲངས་ཤིག་ཡིན་པས། འགུལ་སྐྱོད་བྱེད་མཁན་ཚོས་མི་རང་ཉིད་ཀྱི་ལུས་སྟེང་གི་ནུས་པའི་ཐེག་ཚད་ལྟར་སྦྱོང་བརྡར་བྱེད་དགོས། འགུལ་སྦྱོང་བྱེད་ཚད་ཚད་དང་རན་མིན་གཤམ་གསལ་ལྟར།

ལུས་ཕུང་སྦྱོང་བརྡར་བྱས་རྗེས་ལུས་ནས་རྔུལ་ཆུ་ཅུང་ཙམ་ཐོན་པ་ན། ལུས་པོ་བདེ་མོ་ཡིན་པའི་ཚོར་སྣང་ཡོད་པ་ཡིན།  སྐར་ཆ་བཅུའི་ནང་ཁྲག་རྩའི་འཕར་ཚུལ་སླར་གསོ་བྱུང་ནས་ཟ་མའི་ཡི་ག་ཇེ་ཆར་འགྲོ་བ་དང་མཚན་མོ་གཉིད་ཁུག་པའི་སྣང་ཚུལ་ཐོན་ན། ཉིན་དེའི་ལུས་སྟོབས་བཟང་ཞིང་འགུལ་སྐྱོད་ཚད་དང་རན་པའི་རྟགས་ཡིན།

གལ་ཏེ་ལུས་ཕུང་སྦྱོང་བརྡར་བྱས་རྗེས་ལུས་སྟེང་ནས་རྔུལ་ཆུ་མང་པོ་ཐོན་པ་དང་། མགོ་ཡུ་འཁོར་བ། དབུགས་འཚང་བ། བྲང་སྟོད་ན་བ། ཟ་མའི་ཡི་ག་མེད་པ། གཉིད་མི་ཁུག་པ། ཁྲག་རྩའི་འཕར་ཚད་སྐར་མ་བཅོ་ལྔའི་ནང་སླར་གསོ་མ་བྱུང་བའམ་ཡང་ན་ཉིན་སྔོན་མ་ལས་མགྱོགས་པ། ལུས་པོར་ཤེད་ཤུགས་མེད་པ་དང་ཡང་ན་འགུལ་སྐྱོད་བྱེད་འདོད་མེད་ཚེ་འགུལ་སྐྱོད་བྱེད་ཚད་ཚད་ལས་བརྒལ་བའི་རྟགས་ཡིན།

ཡང་གལ་ཏེ་འགུལ་སྐྱོད་བྱས་རྗེས་ལུས་པོར་ཚ་མི་རྒྱས་པ་དང་། ཁྲག་རྩ་འཕར་ཚུལ་ལ་འགྱུར་བ་མེད་པར་མ་ཟད། ད་དུང་སྐར་མ་གསུམ་གྱི་ནང་དུ་སླར་གསོ་བྱུང་བ་ཡིན་ཚེ་འགུལ་སྐྱོད་བྱེད་ཚད་མ་འདང་བའི་རྟགས་ཡིན།

འགུལ་སྐྱོད་བྱེད་ཚད་ཚད་ལས་བརྒལ་ན་རིམས་ནད་འགོག་ཤུགས་ནུས་པ་ཇེ་ཞན་དུ་སོང་ནས་ནད་རིགས་འབྱུང་ཉེན་ཆེ་བ་རེད། འགུལ་སྐྱོད་བྱས་རྗེས་ལུས་ལ་ཚ་རྒྱས་ནས་མིད་པ་སྐྲངས་པ་དང་། ལུས་པོར་ཤུགས་མེད་པ། སེམས་ཤུགས་གཅིག་ཏུ་མི་འདུས་པར་ལུས་པོ་ཉོབ་པ་སོགས་ཀྱི་སྣང་ཚུལ་འབྱུང་བ་ཡིན། འདི་ལྟར་བྱས་ན་ལུས་པོ་སྦྱོང་བརྡར་གྱི་དམིགས་ཡུལ་མངོན་འགྱུར་བྱེད་དཀའ་བར་མ་ཟད་ལུས་པོར་གནོད་པ་ཐེབས་ངེས།

སྤྱིའི་ཆ་ནས་བཤད་ན། འགུལ་སྐྱོད་བྱེད་ཚད་ཉུང་ན་ཡང་ལུས་ཕུང་སྦྱོང་བརྡར་གྱི་དམིགས་ཡུལ་མངོན་འགྱུར་བྱེད་མི་ཐུབ་པ་རེད། ཚད་དང་རན་པའི་འགུལ་སྐྱོད་བྱེད་པར་ཀླད་ཤུགས་དང་ལུས་ཤུགས་སྙོམས་སྒྲིག་ཡོང་བ་རྒྱུན་འཁྱོངས་བྱེད་པ་དང་། ལུས་ཐང་ཆད་པར་སྔོན་འགོག་བྱ་རྒྱུ་ནི་ཚེ་ཐག་རིང་པོར་གཏོང་བའི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན། ང་ཚོས་སེམས་ལ་ངེས་དགོས་པ་ཞིག་ནི་ལུས་ཐང་ཆད་པའི་སྐབས་སུ་འགུལ་སྐྱོད་བྱས་ན་མིའི་ལུས་པོར་གནོད་པ་ལས་བདེ་ཐང་གི་ནུས་པ་ཐོནམི་ཐུབ། ཚད་དང་རན་པའི་སྒོ་ནས་འགུལ་སྐྱོད་བྱེད་པ་ནི་ཚན་རིག་དང་མཐུན་པ་ཞིག་ཡིན་པས་ལུས་པོ་སྦྱོང་བརྡར་རྒྱུན་འཁྱོངས་བྱེད་དགོས། རུས་ཚིགས་ལ་གནོད་པ་ཐེབས་པ་སྔོན་འགོག་དང་ལུས་ཟུངས་ཟད་པ་སྔོན་འགོག་བྱེད་པར། དར་མ་དང་རྒན་པོའི་རིགས་ཀྱིས་ཤེད་ཤུགས་བཏོན་ནས་དུས་ཡུན་ཐུང་ངུའི་ནང་ལུས་ཕུང་སྦྱོང་བརྡར་བྱེད་མི་རུང་། ངེས་པར་དུ་ཚད་དང་རན་པའི་སྒོ་ནས་དུས་ཡུན་རིང་བོར་ལུས་སྦྱོང་བྱེད་དགོས། ལུས་ཕུང་སྦྱོང་བརྡར་གྱི་གོ་རིམ་ལའང་མཉམ་འཇོག་བྱ་དགོས་ས་མང་པོ་ཞིག་ཡོད། དུས་རིམ་གསུམ་དུ་དབྱེ་ན། དང་པོ་འགུལ་སྐྱོད་མ་བྱས་པའི་སྔོན་གྱི་སྐར་མ་ལྔ་ནས་བཅུའི་བར་ལུས་ཕུང་སྦྱོང་བརྡར་གྱི་གྲ་སྒྲིག་བྱེད་པ། གཉིས་པ་སྐར་མ་ཉི་ཤུ་ནས་སུམ་ཅུའི་བར་ལུས་ཕུང་སྦྱོང་བརྡར་དང་འགུལ་སྐྱོད་བྱེད་པ། གསུམ་པ་ལུས་ཕུང་སྦྱོང་བརྡར་མཇུག་རྗོགས་རྗེས་སྐར་མ་ལྔ་ནས་བཅུའི་བར་དལ་མོར་འགུལ་སྐྱོད་བྱས་ནས་ཡུན་གྱིས་མཚམས་འཇོག་དགོས་པ་རེད། །

རྩོམ་སྒྲིག་པ། འབྲུག་མོ།