འདས་པའི་ཉིས་སྟོང་བཅོ་བརྒྱད་ལོར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་ཐུམ་འབུའི་ནད་འགོག་བཅོས་བྱེད་པའི་བྱ་བར་གྲུབ་འབྲས་མངོན་གསལ་བླངས། རྒྱུས་ལོན་པ་ལྟར་ན། ཉིས་སྟོང་བཅོ་བརྒྱད་ལོར་ཁུལ་ཡོངས་ནས་མི་ཐེངས་ཁྲི་གསུམ་དང་སྟོང་བཞི་ཙམ་ལ་ཐུམ་འབུའི་ནད་ཡོད་མེད་ཞིབ་བཤེར་བྱས་ཏེ་ནད་དཔེ་སོ་དགུ་གསར་དུ་རྙེད་པ་རེད། དེའི་ཁྲོད་གཤག་བཅོས་བྱས་པའི་ནད་པ་བཅུ་དྲུག་དང་། སྨན་བཅོས་བྱས་པའི་ནད་པ་བཅོ་ལྔ་ཡོངས་གྲུབ་བྱས་ནས་ཁུལ་ཡོངས་ཀྱི་ནད་པ་དོ་དམ་བྱས་ཚད་བརྒྱ་ཆའི་བརྒྱ་ལ་བསླེབས།
ཐུམ་འབུའི་ནད་འགོག་བཅོས་བྱེད་པའི་བྱ་བ་བདེ་བླག་ངང་སྤེལ་ཆེད། མཚོ་བྱང་ཁུལ་སྲིད་གཞུང་གིས་རྫོང་སོ་སོའི་སྲིད་གཞུང་དང་། ཁུལ་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་བར ཉིས་སྟོང་བཅོ་བརྒྱད་ལོའི་ཐུམ་འབུའི་ནད་འགོག་བཅོས་བྱ་བའི་དམིགས་འབེན་འགན་འཁྲིའི་ཡི་གེར་མིང་རྟགས་བཀོད་དེ། “སྲིད་གཞུང་གིས་གཙོ་ཁྲིད་དང་། སྡེ་ཁག་གིས་འགན་ཁུར་པ། སྤྱི་ཚོགས་ཡོངས་ཟབ་ཞུགས་བྱེད་པའི”ཕན་ཡུན་རིང་བའི་བྱ་བའི་ནང་རྐྱེན་བཙུགས།
ཉིས་སྟོང་བཅོ་བརྒྱད་ལོར། ཁུལ་དང་རྫོང་དང་ཞང་བཅས་རིམ་པ་གསུམ་གྱི་སྨན་བཅོས་སྡེ་ཁག་གི་འགན་ཁུར་མི་སྣ་དང་ནད་ཐོག་སྨན་བཅོས་མི་སྣ་སོགས་ཆེད་ལས་མི་སྣ་སུམ་བརྒྱ་དང་སོ་དྲུག་ལ་ཐུམ་འབུའི་ནད་འགོག་བཅོས་ཐད་ཀྱི་གསོ་སྦྱོང་ཐེངས་གཉིས་སྤེལ་ཏེ། དུས་ཐོག་ཏུ་ཐུམ་འབུའི་ནད་ངོས་འཛིན་བྱེད་པ་དང་། ཚད་ལྡན་སྒོས་ཐུམ་འབུའི་ནད་དོ་དམ་བྱེད་པ། ཐུམ་འབུའི་ནད་འབྱུང་ཚད་ཇེ་དམའ་རུ་གཏོང་བ་བཅས་ཀྱི་ཐད་ལ་རིག་སྟོབས་དང་ལག་རྩལ་གྱི་འདེགས་སྐྱོར་འདོན་སྤྲོད་བྱས།
དེ་མིན། མཚོ་བྱང་ཁུལ་གྱིས་ཤུགས་ཆེན་པོས་དྲིལ་སྒྲོག་བྱ་འགུལ་སྤེལ་ནས་མང་ཚོགས་འབུམ་གཅིག་དང་ཁྲི་གཉིས་ལ་བསླེབས་པ་དང་། དེ་ནི་དྲིལ་སྒྲོག་བྱེད་ཤུགས་ཆེ་ཞིང་ཁྱབ་ཁོངས་ཆེ་བ། མི་ཚོགས་ལ་ཕན་ཐོགས་པ་ཆེས་མང་བ་བཅས་ཀྱི་ཁྱད་ཆོས་ལྡན་པ་ཞིག་རེད།
རྒྱུས་ལོན་པ་ལྟར་ན། མཚོ་བྱང་ཁུལ་གྱིས་ཐུམ་འབུའི་ནད་འགོག་བཅོས་ལས་གཞི་སྤེལ་བའི་ཚུན་དུ། བསྡོམས་པས་མི་ཐེངས་འབུམ་གཉིས་དང་ཁྲི་དགུ་སྟོང་དྲུག་ཙམ་ལ་ཞིབ་བཤེར་ལས་འགན་ལེགས་གྲུབ་བྱས་པ་དང་། དེའི་ནང་ཐུམ་འབུའི་ནད་པ་དྲུག་བརྒྱ་སོ་དྲུག་ངོས་འཛིན་བྱས་ཤིང་། མི་ཐེངས་བརྒྱ་དང་དོན་བདུན་ལ་གཤགས་བཅོས་བྱས་ལ། མི་ཐེངས་ལྔ་བརྒྱ་དང་ཉེར་ལྔ་ལ་སྨན་རྫས་བྱིན་པ་རེད། །
རྩོམ་སྒྲིག་པ། འབྲུག་མོ།