དྲིན་ཚོར་བའི་མི་ཡི་སེམས་ལ་སྟོབས་ཀྱིས་ཁེངས་ཡོད།
2019.03.11 ཁུངས། མཚ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 61

རྒྱུན་དུ་མི་གཞན་གྱི་བཀའ་དྲིན་ཡིད་ལ་དྲན་པ་དང་། དྲིན་ཚོར་བའི་བསམ་པ་ཕྱིར་མངོན་ན། ཉེ་འགྲམ་གྱི་མི་ལ་བདེ་སྣང་སྦྱིན་ཐུབ་པར་མ་ཟད། རང་སྟེང་གི་སྐྱིད་སྣང་ཡང་ཇེ་མཐོར་གཏོང་ཐུབ། ཨ་མེ་རི་ཁའི“ཁྱོད་ཀྱི་ཐན་ཀོ”དྲ་ཚིགས་སྟེང་གི་ཚན་རིག་ཞིབ་འཇུག་མང་པོ་ཞིག་ལས་མངོན་པ་ལྟར་ན། དྲིན་ཚོར་བར་གཤམ་གྱི་བཟང་ཆ་འདི་དག་ཡོད་པ་སྟེ།

གཅིག གྲོགས་པོ་ཇེ་མང་དུ་འགྲོ་བ། མི་གཞན་གྱིས་ཁྱོད་ལ་རོགས་རམ་བྱས་རྗེས།“བཀའ་དྲིན་ཆེ།”ཟེར་རྒྱུ་བརྗེད་མི་རུང་། དེ་ནི་ཁྱོད་ལ་བརྩི་བཀུར་ཡོད་པའི་རྟགས་ཤིག་ཀྱང་རེད །ཨ་མེ་རི་ཁའི《བརྩེ་དུང》དུས་དེབ་སྟེང་བཀོད་པའི་ཞིབ་འཇུག་ཅིག་ལས་མངོན་པ་ལྟར་ན། རྒྱུན་དུ་དྲིན་གཟོ་བའི་བསམ་པ་ཕྱིར་མངོན་ན་གྲོགས་པོ་ཇེ་མང་དུ་འགྲོ་བར་མ་ཟད། མཛའ་གྲོགས་ཀྱི་རྒྱུན་ཐག་ཇེ་རིང་དུ་གཏོང་བ་རེད། དེ་བས་ཁྱོད་ཀྱིས་སྒོ་ཞིག་འབྱེད་རོགས་བྱས་པ་ཙམ་གྱི་མི་རྒྱུས་མེད་ཅིག་ལའང“བཀའ་དྲིན་ཆེ”ཟེར་རྒྱུ་མི་བརྗེད་པ་དང་། ཡང་ན་བྱ་བའི་སྟེང་དུ་རོགས་རམ་བྱས་མྱོང་བའི་ལས་གྲོགས་ཤིག་ལ་བཀའ་དྲིན་ཞུ་བའི་འཕྲིན་ཐུང་ཞིག་བསྐུར་བ་སོགས་ཀྱི་སྤྱོད་ཚུལ་གྱིས་ཁྱོད་ལ་གྲོགས་པོ་གསར་པ་ཞིག་ཇེ་མང་དུ་གཏོང་ཐུབ།

གཉིས། ལུས་པོ་བདེ་ཐང་ཡོང་བ། ཞིབ་འཇུག་ལས་མངོན་པ་ལྟར་ན། དྲིན་མི་ཚོར་བའི་མི་དང་བསྡུར་ན། དྲིན་ཚོར་བའི་མིའི་ལུས་སྟེང་གི་ན་ཟུག་ཉུང་བས་རང་ཉིད་ལ་བདེ་ཐང་གི་ཚོར་བ་སྐྱིད་པོ་ཞིག་སྐྱེས་སྲིད། དེ་ནི་དྲིན་ཚོར་བའི་མི་དེས་རང་ཉིད་ཀྱི་ལུས་པོར་བདག་སྐྱོང་དང་དོ་སྣང་བྱེད་སླ་བས་རེད། དེ་བས་ཁོ་ཚོ་ལུས་ཕུང་སྦྱོང་བརྡར་བྱེད་རྒྱུར་དགའ་བ་དང་སྦྱོང་བརྡར་བྱེད་ཚད་ཆོས་ཉིད་དང་མཐུན་པར་མ་ཟད། དུས་བཅད་ལྟར་ལུས་བཤེར་བྱེད་ངེས་པས། ལུས་ཕུང་བདེ་ཐང་ཡོང་བ་དང་ཚེ་ཐག་རིང་བར་ཕན་པ་ཡོད།

གསུམ། སེམས་ཁམས་བདེ་ཐང་ཡོང་བ། དྲིན་ཚོར་བའི་སེམས་ཁམས་ཀྱིས་སེམས་ཁམས་མི་ལེགས་པ་མང་པོ་ཞིག་མེད་པར་བཟོ་ཐུབ་པ་སྟེ །དཔེར་ན་ཕྲག་དོག་དང་ཁོང་ཁྲོ། རེ་ཐག་ཆད་པ་དང་འགྱོད་སེམས་སོགས་ལྟ་བུ། ཨ་མེ་རི་ཁའི་སེམས་ཁམས་རིག་པ་བ་ལོ་པའོ་ཐུ•ཨེ་མུན་སི་ནི་དྲིན་ཚོར་ཞིབ་འཇུག་ཁྱབ་ཁོངས་ཀྱི་ཞིབ་འཇུག་པ་ཕུལ་དུ་བྱུང་བ་ཞིག་རེད། ཁོས་བཤད་པ་ལྟར་ན། དྲིན་ཚོར་བ་ཡིས་མིའི་སྐྱིད་སྣང་ཇེ་མཐོར་བཏང་སྟེ་ཡི་མུག་པའི་སེམས་ཁམས་མེད་པར་བཟོ་ཐུབ།

བཞི། གདུང་སེམས་ཀྱིས་ཕྱུག་པར་གྱུར་ཏེ་དགྲར་འཛིན་གྱི་བསམ་བློ་མེད་པར་བཟོ་བ། ཨ་མེ་རི་ཁའི་ཁེན་ཐ་ཅི་སློབ་ཆེན་གྱིས་ཉིས་སྟོང་བཅུ་གཉིས་ལོར་སྤེལ་བའི་ཞིབ་འཇུག་ཅིག་ལས་མངོན་པ་ལྟར་ན། དྲིན་ཚོར་བའི་མི་ལ་གདུང་སེམས་ཀྱིས་ཕྱུག་པས་མི་གཞན་པས་ཁོར་རྣམ་འགྱུར་ལེགས་པོ་མི་སྟོན་ནའང་ཁོས་སྤྱི་ཚོགས་ལ་བརྩེ་སེམས་ཟབ་མོ་བཅངས་ངེས་རེད། དྲིན་ཚོར་བའི་མི་ཡིས་རང་ཉིད་ལ་མི་གཞན་གྱིས་དམའ་འབེབས་བྱས་ནའང་དེ་ལ་འཁོན་ལན་སློག་མི་སྲིད།

ལྔ། གཉིད་བདེ་བ།《དངོས་བཀོལ་སེམས་ཁམས་རིག་པ་སྟེ། བདེ་ཐང་དང་སྐྱིད་སྣང》ཞེས་པའི་སྟེང་བཀོད་ཡོད་པའི་ཞིབ་འཇུག་ཅིག་ལས་མངོན་པ་ལྟར་ན། དྲིན་ཚོར་བའི་ཉིན་ཐོ་བྲིས་ན་གཉིད་བདེ་བར་ཕན་པ་ཡོད། མ་ཉལ་བའི་སྔོན་ལ་སྐར་མ་བཅོ་ལྔ་ཙམ་སྤྱད་དེ་དེ་རིང་གི་བཀའ་དྲིན་ཞུ་དགོས་པའི་མི་དང་དོན་དག་དག་ཟིན་ཐོར་བཀོད་དེ་དྲིན་གཟོའི་བསམ་པ་མཚོན་པར་བྱས་ན། གཉིད་བདེ་ཞིང་གཉིད་ཡུན་རིང་བ་རེད།

དྲུག རང་ཉིད་ལ་ཡིད་ཆེས་ཀྱིས་ཁེངས་པ། ཉིས་སྟོང་བཅུ་བཞི་ལོའི་ཞིབ་འཇུག་ཅིག་ལས་མངོན་པ་ལྟར་ན། དྲིན་ཚོར་བ་ཡིས་ལུས་རྩལ་པའི་ཡིད་ཆེས་ཇེ་བརྟན་དུ་གཏོང་ཐུབ་ལ། ཞིབ་འཇུག་གཞན་པ་མང་པོ་ཞིག་ལས་མངོན་པ་ལྟར་ན། དྲིན་ཚོར་བ་ཡིས་སྤྱི་ཚོགས་སྟེང་གི་བསྡུར་སེམས་ཇེ་ཡང་དུ་བཏང་ནས། མི་གཞན་གྱི་ཕུལ་བྱུང་གྲུབ་འབྲས་ལ་ཡི་རང་བྱེད་སླ་བས། མི་གཞན་གྱི་རྒྱུ་ནོར་དང་གྲུབ་འབྲས་ལ་ཕྲག་དོག་གི་སེམས་བཅངས་མི་སྲིད། སེམས་ཁམས་དེ་དག་གིས་རང་ཉིད་ཀྱིས་ཡིད་ཆེས་ལ་གནོད་པ་རེད།

བདུན། ནང་སེམས་ལ་སྟོབས་རྒྱས་པ། ཞིབ་འཇུག་མང་པོ་ཞིག་ལས་མངོན་པ་ལྟར་ན། དྲིན་གཟོའི་བསམ་པས་ནང་སེམས་ཀྱི་གནོན་ཤུགས་ཇེ་ཡང་དུ་གཏོང་བར་མ་ཟད་ནང་སེམས་ཀྱི་སྡུག་བསྔལ་བསལ་ཐུབ། དམག་འཁྲུག་ནང་ཞུགས་པའི་དམག་མི་རྒན་པར་བརྟག་དཔྱད་བྱས་པ་ལྟར་ན །དྲིན་གཟོའི་བསམ་པ་ལྡན་པའི་དམག་མི་ལ་རྨས་ཕོག་རྗེས། བྲེལ་བསྟུན་བར་གེགས་བྱེད་མཁན་ཧ་ཅང་ཉུང་། ཆེས་ཐབས་རྡུགས་པའི་སྐབས་སུའང་མི་ཚེའི་ཁྲོད་ཀྱི་དྲིན་གཟོ་དགོས་པའི་མི་དང་དོན་དག་གང་ཞིག་སེམས་སུ་དྲན་ནས། དྲིན་གཟོའི་བསམ་པ་མཚོན་པར་བྱས་ན། མི་དེའི་ནང་སེམས་ལ་སྟོབས་ཀྱིས་ཁེངས་ཏེ་གནས་བབ་ངན་པ་དེ་ལྡོག་ཐུབ་བོ། །

རྩོམ་སྒྲིག་པ། འབྲུག་མོ།