ཟས་རིགས་བདེ་འཇགས་ཉེན་ཁའི་ཚད་ལེན་གསལ་འབྱེད་ཀྱི་ནང་དོན་མི་འདྲ་བ་བཞི་གཏན་ཁེལ་བྱས་པ།
2019.03.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 45

ཉེ་ལམ་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཐིན། ཁྲོམ་རའི་ལྟ་སྐུལ་ཅུའུ་སོགས་སྡེ་ཁག་དྲུག་གིས《2019ལོའི་མཚོ་སྔོན་ཞིང་ཆེན་གྱི་ཟས་རིགས་བདེ་འཇགས་ཉེན་ཁའི་ཚད་ལེན་གསལ་འབྱེད་ཇུས་གཞི》ཞེས་པ་གཏན་འབེབས་བྱས་ཏེ་པར་སྐྲུན་འགྲེམས་སྤེལ་བྱས་ཡོད། 《བདེ་འཇགས་ཉེན་ཁའི་ཚད་ལེན་གསལ་འབྱེད་ཇུས་གཞི》ཞེས་པ་དེས་ད་ལོར་རང་ཞིང་གི་ཟས་རིགས་བདེ་འཇགས་ཉེན་ཁའི་ཚད་ལེན་གསལ་འབྱེད་ཀྱི་ནང་དོན་གལ་ཆེན་དེ་ཟས་རིགས་མགོ་ཁུངས་ཀྱི་རིམས་ནད་ཚད་ལེན་གསལ་འབྱེད་དང་ཟས་རིགས་སྦགས་བཙོག་དངོས་རྫས། དེ་མིན་གནོད་ལྡན་གཞི་རྒྱུ་བཅས་ལ་ཚད་ལེན་གསལ་འབྱེད་བྱས། ཟས་རིགས་ཁྲོད་དུ་འགྱེད་འཕྲོ་རང་བཞིན་གྱི་སྦགས་བཙོག་ཚད་ལེན་གསལ་འབྱེད་དང་དབུལ་ཕོངས་ས་ཁུལ་གྱི་ལས་གཞིའི་འཚོ་བཅུད། དེ་མིན་མང་ཚོགས་ཀྱི་གཙོ་ཟས་སུ་གྱུར་བའི་ཟས་རིགས་ཀྱི་འཚོ་བཅུད་བདེ་འཇགས་དམིགས་ཚད་ཚད་ལེན་ཞིབ་བཤེར་བཅས་རིགས་མི་འདྲ་བ་བཞི་ཡོད།

དེའི་ཁྲོད་ཟས་རིགས་མགོ་ཁུངས་རང་བཞིན་གྱི་རིམས་ནད་ལྟ་ཞིབ་ཚད་ལེན་གཙོ་བོ་དེས་ཟས་རིགས་ཀྱི་མགོ་ཁུངས་རང་བཞིན་གྱི་རིམས་ནད་ནད་ཐོར་ལྟ་ཞིབ་ཚད་ལེན་ཞིབ་བཤེར་བྱས་ཤིང་། ཟས་རིགས་རང་བཞིན་གྱི་རིམས་ནད་དོན་རྐྱེན་ཚད་ལེན་ཞིབ་བཤེར་སོགས་ཡིན། སྨན་བཅོས་སྒྲིག་འཛུགས་ལྔ་བརྒྱ་དང་གོ་དགུ་ལ་ཟས་རིགས་ཀྱི་མགོ་ཁུངས་རང་བཞིན་གྱི་རིམས་ནད་ནད་ཐོའི་ལྟ་ཞིབ་ཚད་ལེན་གསལ་འབྱེད་སྒྲིག་འཛུགས་བྱས་ཡོད། དེའི་ཁྲོད་གཞུང་བཙུགས་སྨན་ཁང་གྱ་གཉིས་དང་དམངས་གཉེར་སྨན་ཁང་གྱ་གཉིས། ཞང་གྲོང་འཕྲོད་བསྟེན་སྨན་ཁང་བཞི་བརྒྱ་དང་ལྔ། གཞིས་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་སུམ་ཅུ་བཅས་ཀྱིས་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ། རྫོང་དང་ཆུས། ཞང་གྲོང་གཞིས་ཁུལ་བཅས་ཀྱི་རིམ་པ་བཞི་པའི་སྨན་བཅོས་སྒྲིག་འཛུགས་ཤིག་གྲུབ་ཡོད། མུ་མཐུད་དུ་ཞིང་ཆེན་མི་དམངས་སྨན་ཁང་དང་ཞིང་ཆེན་མ་བུ་བདེ་སྲུང་སྨན་ཁང་། ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་དང་པོ། མཚོ་ཤར་གྲོང་ཁྱེར་མི་དམངས་སྨན་ཁང་། ཁྲི་ཀ་རྫོང་མི་དམངས་སྨན་ཁང་སོགས་སྨན་བཅོས་སྒྲིག་འཛུགས་དག་ནི་ཞིང་ཆེན་ཡོངས་ཀྱི་ཟས་རིགས་མགོ་ཁུངས་རིམས་ནད་དག་ལ་རང་འགུལ་གྱིས་ལྟ་ཞིབ་ཚད་ལེན་གསལ་འབྱེད་བྱེད་པའི་དམིགས་བཙུགས་སྨན་ཁང་ཡིན་པ་རེད།

ཟས་རིགས་སྦགས་བཙོག་དངོས་རྫས་དང་དེའི་ཁྲོད་ཀྱི་གནོད་ལྡན་གཞི་རྒྱུའི་ཚད་ལེན་གསལ་འབྱེད་ལ། རྒྱལ་ཁབ་ཀྱིས་མར་བཀྲམས་པའི་ཟས་རིགས་སྦགས་བཙོག་དངོས་རྫས་དང་གནོད་ལྡན་གཞི་རྒྱུའི་ཚད་ལེན་གསལ་འབྱེད་འགན་འཁྲི་དེ་རིགས་མི་འདྲ་བ་ཆེན་པོ་བཅུ་བཞི་ཡི་ཟས་རིགས་ཀྱི་མ་དཔེ་སྟོང་གཅིག་དང་སུམ་བརྒྱ་དགུ་ཡོད། རང་ཞིང་གིས་རྒྱལ་ཁབ་ཀྱི་འགན་འཁྲིའི་རྨང་གཞིའི་སྟེང་དུ་མ་དཔེ་ཐོན་རྫས་བརྒྱ་དང་ཞེ་གསུམ་ཁ་སྣོན་བྱས་ཤིང་། དེ་དང་ཆབས་ཅིག་རང་ཞིང་གི་ཆེད་སྤྱོད་ལྟ་ཞིབ་ཚད་ལེན་འགན་འཁྲི་ཆེན་པོ་གསུམ་གྱི་ཟས་རིགས་མ་དཔེ་བརྒྱ་དང་བཅོ་བརྒྱད་གཏན་འབེབས་བྱས་པས། ཁྱོན་བསྡོམས་རིགས་ཆེན་པོ་བཅུ་བདུན་གྱི་ཟས་རིགས་མ་དཔེ་སྟོང་གཅིག་དང་ལྔ་བརྒྱ་བདུན་ཅུ་ཡོད།     ཟས་རིགས་རྫས་འགྱུར་གྱི་སྦགས་བཙོག་དངོས་རྫས་དང་གནོད་ལྡན་རྒྱུ་རྐྱེན་གྱིས་བཟོས་པའི་གཞི་རྒྱུའི་ལྟ་ཞིབ་ཚད་ལེན་གསལ་འབྱེད་འགན་འཁྲིའི་མ་དཔེ་བརྒྱད་བརྒྱ་དང་བཅུ་གསུམ་ཡོད། ཟས་རིགས་ཁྲོད་དུ་སྐྱེ་ལྡན་ཕྲ་མོ་དང་ནད་རྐྱེན་གཞི་རྒྱུ་ལ་ཚད་ལེན་གསལ་འབྱེད་བྱེད་པའི་འགན་འཁྲི་ཅན་གྱི་མ་དཔེ་རིགས་བདུན་བརྒྱ་དང་ང་བདུན་ཡོད། ཞིང་ཆེན་ཡོངས་ཀྱི་ཟས་རིགས་སྦགས་བཙོག་བྱ་དངོས་དང་གནོད་ལྡན་གཞི་རྒྱུ་འཚོལ་བསྡུ་བྱས་པའི་མ་དཔེ་ཚད་ལེན་གསལ་འབྱེད་ས་ཚིགས་དེ་རྫོང་དང་ཆུས་ཞེ་ལྔའི་གྲོང་ཁྱེར་དང་ཁུལ་རིམ་པར་ཁྱབ་ཡོད།

རྒྱལ་ཁབ་ཀྱི་གཏན་འབེབས་ལྟར་ན་རང་ཞིང་ནི་སྤྱིར་བཏང་ས་ཁུལ་གྱི་ཟས་རིགས་ཁྲོད་འགྱེད་འཕྲོ་རང་ངཞིན་གྱི་སྦགས་བཙོག་ལ་ཚད་ལེན་གསལ་འབྱེད་བྱེད་པའི་ས་ཁུལ་དུ་གཏན་ཁེལ་བྱས་ཡོད་ལ། མཚོ་ཤར་གྲོང་ཁྱེར་གྱི་ལོ་ཏུའུ་ཆུས་དང་ཏ་ཐུང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་། ཧོང་ཀྲུང་རྫོང་། ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་། མིན་ཧོ་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་། མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་། ཁྲི་ཀ་རྫོང་བཅས་རྫོང་ཁག་བདུན་གྱི་རང་ས་གནས་ནས་ཐོན་སྐྱེད་བྱས་པའི་སྔོ་ཚོད་དང་བཟའ་འབྲུ་གྲོ་བཅས་རིགས་ཆེན་པོ་གཉིས་ཀྱི་ཟས་རིགས་མ་དཔེ་བཅུ་ལ་འགྱེད་འཕྲོ་རང་བཞིན་གྱི་སྦགས་བཙོག་ཐེབས་པའི་ཆུ་ཚད་ཀྱི་ཆེས་དམའ་བའི་ཚད་གཞི་ལ་ལྟ་ཞིབ་ཚད་ལེན་གསལ་འབྱེད་བྱས་པ་རེད།

དབུལ་ཕོངས་ས་ཁུལ་གྱི་ལས་གཞིའི་འཚོ་བཅུད་དང་མང་ཚོགས་གཞན་པའི་ཟས་རིགས་འཚོ་བཅུད་ཀྱི་བདེ་འཇགས་གསལ་འབྱེད་ལྟ་ཞིབ་ཚད་ལེན་གཙོ་བོ་དེ་རྟ་ཐང་རྫོང་དང་སྟོང་སྐོར་རྫོང་། ཧོང་ཀྲུང་རྫོང་། ཧུའུ་ཀྲུའུ་རྫོང་། དཔའ་ལུང་ཧོས་རིགས་རང་སྐྱོང་རྫོང་། མིན་ཧོ་རྫོང་། མཚོ་ཤར་གྲོང་ཁྱེར་གྱི་ལོ་ཏུའུ་ཆུས་བཅས་རྫོང་དང་ཆུས་བདུན་གྱི་དབུལ་ཕོངས་ས་ཁུལ་དུ་དམིགས་གསལ་ཟས་རིགས་ཆེན་པོ་རིགས་གཉིས་ཀྱི་་ཐོན་རྫས་བརྒྱད་ཀྱི་མ་དཔེ་བཅུ་བཞི་བསྡུ་རུབ་བྱས་ཡོད།

རྩོམ་སྒྲིག་པ། འབྲུག་མོ།