ལུས་རྩལ་ཁྲོད་ཇི་ལྟར་རང་སྲུང་འདུ་ཤེས་ལ་ཤུགས་སྣོན་དགོས།
2019.03.20 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 57

ལུས་རྩལ་པ་ལས་གཞན་པའི་སྤྱིར་བཏང་གི་ལུས་རྩལ་སྦྱོང་བརྡར་བྱེད་མཁན་དག་གི་རང་སྲུང་འདུ་ཤེས་ཞན་པའི་དབང་གིས་རྒྱུན་དུ་རྨས་སྐྱོན་ཕོག་པའི་སྣང་ཚུལ་བྱུང་དང་འབྱུང་བཞིན་ཡོད། ལུས་རྩལ་ལ་དགའ་བའི་གྲོགས་པོ་དག་གིས་ངེས་པར་དུ་རང་ཉིད་སྲུང་སྐྱོབ་བྱེད་པར་མཉམ་འཇོག་བྱེད་དགོས་ལ། ལུས་སྦྱོང་འོས་འཚམ་མ་བྱས་པའི་རྐྱེན་གྱིས་རྨས་སྐྱོན་ཕོག་པ་སྔོན་འགོག་བྱེད་དགོས།

སྦྱོང་བརྡར་ཁྲོད་ལྷག་པར་དུ་མཉམ་འཇོག་བྱེད་དགོས་པ་ལ་དུས་རིམ་གསུམ་མཆིས་ཏེ། གྲ་སྒྲིག་གི་དུས་རིམ་དང་ངལ་གསོའི་དུས་རིམ། ལུས་རྩལ་མཇུག་སྒྲིལ་བའི་དུས་རིམ་བཅས་ཡོད།

གྲ་སྒྲིག་གི་དུས་རིམ་ཁྲོད་དུ། གལ་ཏེ་ཡོ་བྱད་ཅན་གྱི་ལུས་རྩལ་རྣམ་གྲངས་ཡོད་ཚེ། སྔོན་ལ་ཡོ་བྱད་ཀྱི་བདེ་འཇགས་ལ་ཞིབ་བཤེར་བྱེད་དགོས་པ་དང་། ལྭ་བ་འོས་འཚམ་གྱོན་དགོས་ཏེ། དཔེར་ན། ཡོ་ག་ལ་ལྭ་བ་བག་ཡངས་གྱོན་དགོས་པ་དང་། འགུལ་སྣང་རྐང་འཁོར་ལ་ཅུང་བསྡམས་ཤིང་རིང་ཐུང་འབྲིང་བའི་དོར་མ་གྱོན་དགོས། ངར་སློང་ལུས་སྦྱོང་བྱེད་པ་འདི་ནི་སྦྱོང་བརྡར་བྱེད་པའི་མི་ལ་མཚོན་ན་ཧ་ཅང་གལ་ཆེ་བ་ཞིག་ཡིན་ལ། བདེ་འཇགས་འགན་སྲུང་བྱེད་པའི་གནད་འགག་ཅིག་ཀྱང་ཡིན། ངར་སློང་ལུས་སྦྱོང་གིས་ཚིགས་དང་རྒྱུས་པ། ཤ་གནད་དག་བརྐྱངས་པར་བྱེད་ལ། དེ་ལྟར་བྱས་ན་ལུས་རྩལ་སྦྱོང་བའི་ཁྲོད་རྨས་སྐྱོན་ཕོག་པ་སྔོན་འགོག་བྱེད་ཐུབ།

ལུས་རྩལ་གྱི་བརྒྱུད་རིམ་ཁྲོད་ངལ་གསོའི་དུས་རིམ་ལའང་དོ་སྣང་བྱེད་དགོས། ཤུགས་དྲག་ཆེ་བའི་ལུས་རྩལ་སྦྱོང་དུས་གློ་བུར་དུ་མཚམས་འཇོག་མི་རུང་བ་དང་། ཅུང་ཞི་ལྷོད་ཅན་གྱི་ལྷོད་གཡེང་འགུལ་སྐྱོད་དང་རྐྱོང་འཐེན་འགུལ་སྐྱོད་བྱེད་དགོས་ལ། ཡུན་གྱིས་མཚམས་བཞག་རྗེས་ཙོག་ནས་ངལ་གསོ་བྱེད་དགོས།

ལུས་རྩལ་མཇུག་སྒྲིལ་བའི་དུས་རིམ་དུ་མྱུར་མོར་མཚམས་འཇོག་པ་དེ་བས་བྱ་མི་རུང་ཞིང་། ལུས་རྩལ་པས་ལྷོད་གཡེང་ངང་འགུལ་སྐྱོད་བྱེད་ཞོར་རང་ཉིད་དལ་གྱིས་ལྷོད་ལ་འབབ་ཏུ་འཇུག་དགོས། དེ་ལས་གཞན། ལུས་རྩལ་སྦྱོང་བའི་སྐབས་ཀྱི་བཏུང་ཆུའི་ཐད་ལའང་ཤེས་བྱ་མང་པོ་ཡོད་དེ། ཆུ་མགྱོགས་འཐུང་དང་བྲེལ་འཐུང་བྱེད་མི་རུང་བར། ཐོག་མར་ཆུ་ཁ་ནང་དུ་བཟུང་རྗེས་དལ་མོར་མིད་དགོས་ལ། དེ་ལྟར་བྱས་ཚེ་ད་གཟོད་གསུས་ཁོག་སྦོས་པ་དང་ཨུག་ཀ་རྒྱག་པ་སོགས་མི་བྱེད་པ་རེད། །

རྩོམ་སྒྲིག་པ། འབྲུག་མོ།