སྦྲུམ་མར་རྒྱུན་ལྡན་མིན་པའི་གནས་ཚུལ་བྱུང་དུས་མྱུར་དུ་ཐག་གཅོད་བྱེད་པའི་ཐབས་ལམ། གཉིས་པ།
2019.03.21 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 55

རྒྱུན་ལྡན་མིན་པའི་རྟགས་མཚན། སྐྱེ་ལམ་གྱི་ཁར་ཟ་འཁྲུག་ལངས་བ་དང་ཟུག་གཟེར་ལངས་བ། གཅིན་སྙི་བ། གཅིན་བཏང་ན་ཟུག་གཟེར་ལངས་བ། སྲན་ཁུ་ལྟ་བུའི་གྲང་དཀར་ བཞུར་བ་བཅས་ཀྱི་ནད་རྟགས་བྱུང་ཚེ་དེ་ནི་སྐྱེ་ལམ་གཉན་ཚད་བྱུང་བའི་རྟགས་རེད། མངལ་སྦྲུམ་པའི་སྐབས་སུ་བུ་རོགས་ཀྱིས་མོ་གཤིས་སྐུལ་རྒྱུ་མང་པོ་ཟགས་ཐོན་བྱེད་དུ་འཇུག་ལ། དེར་བསྟུན་ནས་སྐྱེ་ལམ་གྱི་སྐྱི་ཤུན་ཕྲ་ཕུང་ལ་མངར་བཅུད་འདུས་ཚད་ཡང་འཕར་སྣོན་བྱུང་སྟེ་མངལ་ལམ་དབྱིག་སྲིན་གྱིས་དབྱེ་ཕྲལ་ངང་འོ་སྐྱུར་གྱིས་མངལ་ལམ་སྐྱུར་ཚད་ཡར་འཕར་དུ་བཅུག་པ་དང་བསྟུན་ནས་རིམས་འགོག་ནུས་ཤུགས་ཀྱི་ཆ་དེ་ཡང་ལྟོས་བཅས་ཀྱིས་མར་འགྲིབ་པས་འབུ་ཕྲ་རིམ་བཞིན་ཇེ་མང་དུ་སོང་སྟེ་གཉན་ཚད་བྱུང་བ་རེད།

གལ་ཏེ་དཔེར་མཚོན་རང་བཞིན་གྱི་ནད་རྟགས་དེ་ལྟ་བུ་བྱུང་ཚེ་སྔ་མོ་ནས་སྨན་ཁང་ལ་བརྟག་དཔྱད་བྱེད་དུ་འགྲོ་དགོས། གལ་ཏེ་སྐྱེ་ལམ་གྱི་ཟགས་ཐོན་བཤེར་ཁུའི་ཁྲོད་འབུ་ཕྲ་དཀར་པོ་དང་དཀར་ཟགས་ཅན་འདྲ་ཡོད་ན་མྱུར་དུ་ནད་བཅོས་བྱེད་དགོས།

མངལ་ཆགས་ནས་ཟླ་བརྒྱད་ཀྱི་ཡར་སྔོན་ཡིན་ན་སྐྱེ་ལམ་ལ་མེས་ཁང་ཙོ་དང་ཁུ་མེས་ཙོ་སོགས་རིམས་འགོག་སྨན་རྫས་བཞག་ཆོག་ལ། གལ་ཏེ་དེས་ཀྱང་གོ་མ་ཆོད་ཚེ། དབྱི་ཆུས་ཁང་ཙོ་དང་ཧྥུའུ་ཁང་ཙོ་གཉིས་འཐུང་དགོས། མངལ་ཆགས་ནས་ཟླ་བརྒྱད་འགོར་རྗེས་སྐྱེ་ལམ་ལ་སྨན་བྱུགས་ན་འོས་འཚམ་མིན་པས་སྨན་འཐུང་ནས་སྨན་བཅོས་བྱེད་དགོས་ཤིང་། སྨན་བཅོས་བྱེད་སྐབས་རྐང་ཐུང་ལ་གཙང་སྦྲ་བྱས་སྟེ་བརྗེ་གསོར་བྱེད་དགོས་པ་དང་། གྱོན་ཟིན་པའི་རྐང་ཐུང་དང་ཁྲུས་གཞོང་། ལས་ཕྱིས་སོགས་ཆུ་ཁོལ་གྱིས་གཙང་མར་བཀྲུ་དགོས།

འབུ་ཕྲའི་རང་བཞིན་གྱི་མངལ་ལམ་གཉན་ཚད་ལ་རྩ་བ་ནས་སྨན་བཅོས་བྱས་ཏེ་དྲགས་བསྐྱེད་འབྱུང་དུ་འཇུག་དགོས། དེའི་རྒྱུ་རྐྱེན་ནི་གལ་ཏེ་ཨ་མའི་མངལ་ལམ་གྱི་འབུ་ཕྲ་ཇེ་མང་དུ་སོང་ན་བྱིས་པ་བཙའ་དུས་འགོ་པའི་ཉེན་ཁ་ཆེ་བ་དང་། གལ་ཏེ་འབུ་ཕྲ་དེ་ནུ་མ་དང་ནུ་ཏོག ནུ་ཁུག ལྭ་བ། ཉལ་གདན་སོགས་ལ་འགོས་སྟེ་བྱིས་པར་བགོས་ཚེ། གསར་སྐྱེས་བྱིས་པར་ཁ་ལང་བའི་ཉེན་ཁ་ཡང་ཧ་ཅང་ཆེ།

རྒྱུན་ལྡན་མིན་པའི་རྟགས་མཚན། གློ་བུར་དུ་གྲང་འདར་རྒྱག་པ་དང་ཚ་རྒྱས་པ། མགོ་ན་བ། ལུས་ཡོངས་སྦྲིད་པ། ཞེ་མེར་བ། སྐྱུག་རྒྱུ་ཡོང་བ། གཅིན་གྲངས་མང་བ། གཅིན་གཏོང་རྒྱུ་ཡོང་བ། གཅིན་གཏོང་སྐབས་ན་ཟུག་ཆེ་བ། གཅིན་བཏང་རུང་ཚོར་བ་མེད་པ་བཅས་ཀྱི་ནད་རྟགས་བྱུང་ཚེ་གློ་བུར་བའི་མཁལ་མའི་གཉན་ཚད་བྱུང་བའི་རྟགས་རེད།

མངལ་སྦྲུམ་བའི་དུས་སྐབས་ཀྱི་སྐྱེ་ཁམས་ཁྱད་པར་ཅན་དེས་སྦྲུམ་མར་གློ་བུར་བའི་མཁལ་མའི་གཉན་ཚད་འབྱུང་དུ་འཇུག་ངེས་ལ། དེའི་རྒྱུ་རྐྱེན་གཙོ་བོར་གཤམ་གསལ་གྱི་རིམ་པ་བཞི་ཡོད། 1.བུ་རོགས་ལས་ཐོན་པའི་མངལ་སྦྲུམ་སྐུལ་རྒྱུ་དེ་གཅིན་ལམ་དུ་འདྲེན་དུས་འཇམ་འདྲེད་ཤ་གྲིམ་ཞི་ལྷོད་དུ་གྱུར་བ་དང་དལ་འགུལ་ཉམ་ཞན་དུ་གྱུར་བས་དབུགས་ལྒང་ལ་དབུགས་ཚད་ལས་བརྒལ་བ་གསོག་སླ་བས་གཅིན་འདོར་མི་ཐུབ་པ་དང་དབུགས་ལྒང་ནང་དུ་གཅིན་སྙིགས་འཕར་སྣོན་བྱུང་བ་དེས་གཅིན་ལམ་དུ་འབུ་ཕྲ་འཕེལ་ བར་ཕན་ཁེ་བསྐྲུན། 2.སྦྲུམ་མའི་བུ་སྣོད་ཆེ་རུ་སོང་བ་དང་བསྟུན་ནས་གཅིན་འདྲེན་སྦུགས་གུ་མར་མནན་པས་རྐྱེན་གྱིས་རྒྱུ་འགག་བྱུང་བ་རེད། 3.སྦྲུམ་མའི་བུ་སྣོད་ཇེ་ཆེར་སོང་བ་དང་སྦྲུམ་བུའི་མགོ་བོ་དབུགས་ལྒང་ཕྱོགས་སུ་སྤོ་ནུར་བྱས་པས་གཅིན་གཏོང་མ་ཐུབ་པ་དང་བཏང་རུང་གཙང་མར་གཏོང་མ་ཐུབ་པ་རེད། 4.མངལ་སྦྲུམ་པའི་སྐབས་སུ་གཅིན་པ་གཏོང་སླ་བའི་ཕྱིར་རྒུན་འབྲུམ་གྱི་མངར་ཆ་དང་ཨན་གཞི་སྐྱུར། ཆུའི་རང་བཞིན་གྱི་འཚོ་བཅུད་གཞི་རྒྱུ་སོགས་འཚོ་བཅུད་རིགས་ཁ་སྣོན་བྱེད་དགོས་པ་དང་། དེ་མིན་བུད་མེད་ཀྱི་གཅིན་ལམ་ཐུང་ལ། གཅིན་ལམ་ཁ་དང་གཤང་ཁ་ཡང་ཐག་ཉེ་བས་རྒྱུ་ལམ་ལ་ཕྲ་ཕུང་གི་ནད་དུག་ཀྱང་འགོ་སླ།

གོང་གསལ་གྱི་ནད་རྟགས་དེ་ལྟ་བུ་བྱུང་བ་ན་མྱུར་དུ་སྨན་ཁང་ལ་སྨན་བཅོས་བྱེད་དུ་འགྲོ་དགོས་ལ། གཅིན་པ་རྒྱུན་ལྡན་དང་གཅིན་མཚམས་བཞག་སྟེ་ཕྲ་ཕུང་གསོ་སྐྱོང་བྱེད་མཚམས་འཇོག་རོགས་བར་ནད་རྟགས་སྨན་བཅོས་བྱེད་དགོས།

གློ་བུར་བའི་མཁལ་མའི་གཉན་ཚད་དེ་ངེས་པར་དུ་ཚད་ལྡན་སྒོས་གསོ་བཅོས་བྱས་ནས་དྲག་བསྐྱེད་འབྱུང་དུ་འཇུག་དགོས་ལ། དེ་མིན་ཡང་དང་བསྐྱར་དུ་འཕར་ན་དལ་བའི་རང་བཞིན་གྱི་མཁལ་མའི་གཉན་ཚད་དུ་འགྱུར་སྲིད།

རྒྱུན་ལྡན་མིན་པའི་རྟགས་མཚན། སྦྲུམ་མར་མངལ་ཆགས་ནས་གཟའ་འཁོར་ཉི་ཤུ་འགོར་རྗེས་ཁོག་སྨད་སྐྲངས་བ་དང་བརྟག་དཔྱད་བྱས་དུས་ཁྲག་ཤེད་འཕར་ཡོད་པར་མ་ཟད། གཅིན་པ་སྤྲི་དཀར་ཅན་དུ་གྱུར་ཡོད་ཚེ། དེ་ནི་སྦྲུམ་མར་ཁྲག་ཤེད་མཐོ་བའི་སྣ་འདུས་རང་བཞིན་གྱི་ནད་རྟགས་འབྱུང་ཉེན་ཆེ་བའི་རྟགས་རེད།

སྦྲུམ་མར་ཁྲག་ཤེད་མཐོ་བའི་སྣ་འདུས་རང་བཞིན་གྱི་ནད་རྟགས་འབྱུང་བའི་ཚད་གཞི་དེ་རང་རྒྱལ་དུ་བརྒྱ་ཆའི་བཅུ་ཡིན་ལ། སྦྲུམ་མར་དམིགས་གསལ་གྱིས་ཡོད་པའི་ནད་གཞི་ཤིག་ཀྱང་ཡིན། མིག་སྔར་ནད་རྐྱེན་དེ་གསལ་བོར་མི་ཤེས་མོད། ཕལ་ཆེར་ནད་ཀྱི་འགྱུར་བ་ནི་ལུས་ཧྲིལ་བོའི་འཕར་རྩ་ཆུང་ངུ་དག་རེངས་འཁུམ་དུ་གྱུར་བ་ཡིན་ལས་ཆེ། སྦྲུམ་མར་ཁྲག་ཤེད་མཐོ་བའི་སྣ་འདུས་རང་བཞིན་གྱི་ནད་རྟགས་དེ་ཚོད་འཛིན་ལེགས་པོ་བྱེད་མ་ཐུབ་ཚེ་ཀླད་པ་དང་སྙིང་རྩ། མཆིན་པ། བུ་རོགས་སོགས་ལ་ཆ་སྙོམས་ཀྱིས་ཁྲག་དང་དབྱང་དབུགས་ཆད་པའི་གནད་དོན་བྱུང་ནས་མ་བུ་གཉིས་ཀར་ཉེན་ཁ་འབྱུང་སྲིད།

དེ་བས་སྦྲུམ་མར་སྔ་མོ་ནས་དུས་ལྟར་བརྟག་དཔྱད་བྱེད་དགོས་ཤིང་། གལ་ཏེ་གོང་གི་ནད་རྟགས་དེའི་རིགས་བྱུང་ཚེ་སྨན་པས་མཛུབ་སྟོན་འོག་དུས་ལྟར་ནད་རྟགས་སྨན་བཅོས་བྱེད་དགོས།

གལ་ཏེ་ནད་གཞིར་ངོས་འཛིན་བྱུང་ན།  ནད་བབ་ཅུང་ཡང་མོའི་རིགས་ལ་ངལ་གསོ་བྱས་ནས་འཚོ་བཅུད་ཀྱིས་གསོ་དགོས་པ་དང་། ནད་གཞི་ཅུང་ལྕི་ན་ངེས་པར་དུ་སྨན་ཁང་དུ་སོང་ནས་ཞག་སྡོད་གསོ་བཅོས་བྱས་ཏེ་རྩ་འཁུམ་གྲོལ་བ་དང་རྩ་བསྐྱེད་པ། གཅིན་པ་རྒྱུན་ལྡན། ཁྲག་ཤེད་ཇེ་དམའ་རུ་གཏོང་བ་སོགས་རིམ་པ་བཞིན་སྨན་བཅོས་བྱེད་དགོས། ནད་རྟགས་ཧ་ཅང་ཚབས་ཆེན་ཡིན་པར་མ་ཟད། སྦྲུམ་བུ་མངལ་དུ་ཞུགས་ནས་གཟའ་འཁོར་སོ་དྲུག་འགོར་ཡོད་ཚེ།  མངལ་ཤོར་དུ་འཇུག་པ་ལས་ཐབས་གཞན་མེད་པ་རེད།

མངལ་སྦྲུམ་རྗེས་སེམས་ཁམས་སྐྱིད་པོར་གནས་པ་དང་ངལ་བཟང་པོ་གསོ་བ། གཉིད་སྐྱིད་པོ་ལོག་པ། སྣུམ་ཚིལ་དང་ཚྭ་ཁུ་ཇེ་ཉུང་དུ་བཏང་སྟེ་སྤྲི་དཀར་དང་འཚོ་བཅུད་གཞི་རྒྱུ་བཅས་ཁ་སྣོན་བྱས་ཏེ་སྦྲུམ་མར་ཁྲག་ཤེད་མཐོ་བའི་སྣ་འདུས་རང་བཞིན་གྱི་ནད་རྟགས་མི་འབྱུང་བར་སྔོན་འགོག་བྱེད་དགོས། །

རྩོམ་སྒྲིག་པ། འབྲུག་མོ།