ཉིན་རེར་སྦྱོང་བརྡར་ཅི་ཙམ་བྱས་ན་ཚོ་བྱང་ཐུབ་བམ།
2019.03.25 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 46

ལུས་ཕུང་སྦྱོང་བརྡར་བྱེད་པའི་དུས་ཚོད་ཀྱི་རིང་ཐུང་ནི་སྦྱོང་བརྡར་བྱེད་སྟངས་དང་སྦྱོང་བརྡར་ཤུགས་ཚད་ལ་བལྟས་ནས་གཏན་འཁེལ་བྱེད་པ་ཡིན་ལ། སྤྱིར་བཏང་གི་གནས་ཚུལ་འོག དབྱང་ལྡན་སྦྱོང་བརྡར་གྱི་དུས་ཡུན་ནི་དབྱང་མེད་སྦྱོང་བརྡར་ལས་རིང་བ་དང་། ཤུགས་ཚད་དམའ་བའི་སྦྱོང་བརྡར་གྱི་དུས་ཡུན་ནི་ཤུགས་ཚད་མཐོ་བའི་སྦྱོང་བརྡར་གྱི་དུས་ཡུན་ལས་རིང་དགོས་པ་ཡིན།

ལུས་ཕུང་སྦྱོང་བརྡར་བྱེད་མགོ་བརྩམས་པའི་དུས་ཚོད་ཡུད་ཙམ་གྱི་ནང་དུ། ལུས་ཕུང་གིས་གཙོ་བོ་མངར་ཆ་ཟད་གྲོན་བྱས་པ་བརྒྱུད་ནས་ནུས་ཚད་འདོན་སྤྲོད་བྱེད་པ་ཡིན་ཞིང་། སྦྱོང་བརྡར་བྱས་ནས་ཚད་ངེས་ཅན་ཞིག་ཏུ་སླེབས་རྗེས། ལུས་པོའི་ཚི་ལུ་ཞུ་བར་ནུས་པ་འདོན་སྤྲོད་བྱེད་བཞིན་ཡོད། རྒྱུན་ལྡན་གྱི་གནས་ཚུལ་འོག་དུས་ཚོད་སྐར་མ་སུམ་ཅུ་ཙམ་ལ་དབྱང་ལྡན་སྦྱོང་བརྡར་བྱས་རྗེས་ཚི་ལུ་ཟད་གྲོན་བྱེད་པ་ཡིན་ཞིང་། དེ་བས་དབྱང་ལྡན་སྦྱོང་བརྡར་བྱེད་སྟངས་བརྒྱུད་དེ་ཚོ་བྱང་དུ་འཇུག་འདོད་ན། སྦྱོང་བརྡར་བྱེད་ཐེངས་རེར་ཤུགས་ཚད་མཐོ་དམའ་རན་པའི་དབྱང་ལྡན་སྦྱོང་བརྡར་གྱི་དུས་ཡུན་སྐར་མ་སུམ་ཅུ་ལས་ཉུང་མི་རུང་།

ཐེངས་རེའི་དབྱང་ལྡན་སྦྱོང་བརྡར་གྱི་ཤུགས་ཚད་བརྒྱ་ཆའི་དྲུག་ཅུ་ནས་བདུན་ཅུ་ཡི་སྙིང་གི་ལྡིང་ཚད་ཁྱབ་ཁོངས་ནང་ཚོད་འཛིན་བྱེད་དགོས་པ་དང་། གཟའ་འཁོར་རེར་ཉིན་གསུམ་ནས་ལྔ་ཡི་ཤུགས་ཚད་ཚད་དང་རན་པའི་དབྱང་ལྡན་སྦྱོང་བརྡར་བྱེད་དགོས་ལ། སྦྱོང་བརྡར་གྱི་དུས་ཡུན་གཟའ་འཁོར་རེར་ཧ་ལམ་སྐར་མ་བརྒྱ་དང་ལྔ་བཅུ་ཙམ་ཡིན་དགོས། ཡིན་ཡང་སྟོབས་ཤུགས་སྦྱོང་བརྡར་བྱེད་དུས་སུ་གཙོ་བོ་དེའི་ཐེག་ཚད་ཀྱི་ཤུགས་ཚད་སྦྱོང་བརྡར་བྱེད་པ་ཡིན་ལ། བརྒྱ་ཆའི་དྲུག་ཅུ་ནས་བདུན་ཅུ་ཡི་ཆེས་ཆེ་བའི་ཐེག་ཚད་གཞིར་བཟུང་སྟེ། ཐེངས་བརྒྱད་ནས་བཅུ་གཉིས་སྐོར་གཅིག་དང་ཐེངས་གཅིག་ལ་སྐོར་གཉིས་ནས་གསུམ་བྱས་པས་ཆོག སྟོབས་ཤུགས་སྦྱོང་བརྡར་བྱས་ན་ལུས་པོ་དུས་ཡུན་རིང་པོ་ཞིག་གི་ནང་ནས་སླར་གསོ་བྱེད་དགོས་པས། གཟའ་འཁོར་གཅིག་གི་ནང་སྟོབས་ཤུགས་སྦྱོང་བརྡར་ཐེངས་གཉིས་ནས་གསུམ་བྱས་ན་བཟང་།

ཚོ་བྱང་བའི་ལུས་སྦྱོང་བྱེད་ན་རྩ་དོན་གང་དག་ཡོད།

སྦྱོང་བརྡར་མ་བྱང་གོང་ངར་སློང་ལུས་སྦྱོང་བྱེད་པ། སྦྱོང་བརྡར་མ་བྱས་གོང་ངར་སློང་ལུས་སྦྱོང་བྱས་ན་རྨས་སྐྱོན་ཕོག་པ་ལས་གཡོལ་ཐུབ་པ་འདི་ནི་ཀུན་གྱིས་ཤེས་པའི་གནས་ལུགས་ཤིག་ཡིན། འོན་ཀྱང་དོན་དངོས་སུ་དེས་ཤ་གནད་རྐྱོང་འཐེན་བྱས་ཏེ་རྨས་སྐྱོན་ཕོག་པ་ལས་གཡོལ་བར་བྱེད་ཐུབ་པར་མ་ཟད། ད་དུང་ཚོ་བྱང་དུ་འཇུག་ཐུབ། སྦྱོང་བརྡར་དངོས་སུ་བྱེད་མགོ་བརྩམས་པ་ནས་བཟུང་། མགྱོགས་མྱུར་སྒོས་ཚི་ལུ་ཟད་གྲོན་བྱེད་པའི་རྣམ་པའི་ནང་དུ་ཞུགས་ཐུབ་ཅིང་། དེ་ལྟར་བྱས་ན་སྦྱོང་བརྡར་བྱས་པ་ལས་ཚི་ལུ་ཞུ་བར་ཕན་འབྲས་ཆེན་པོ་ཡོད། ངར་སློང་སྦྱོང་བརྡར་གྱིས་རྙིང་ཚབ་གསར་བརྗེ་ཡི་ཚད་ཇེ་མཐོར་གཏོང་ཐུབ་ཅིང་། དབྱང་རླུང་མགྱོགས་མྱུར་གྱིས་ཤ་གྲིམ་ནང་དུ་སྐྱེལ་འདྲེན་བྱས་ཏེ་ཚོ་བྱང་ཚད་ཇེ་མགྱོགས་སུ་གཏོང་ཐུབ།

ལུས་ཕུང་སྦྱོང་བརྡར་བྱས་རྗེས་བཟའ་བཏུང་ལ་ཚོད་འཛིན་བྱེད་པ། སྦྱོང་བརྡར་ཟད་གྲོན་ནུས་ཚད་ཀྱིས་སྦྱོང་བརྡར་བྱས་རྗེས་གསུས་པ་ལྟོགས་པའི་ཚོར་བ་སྟེར་སྲིད་ཅིང་། གལ་ཏེ་སྐབས་དེར་ཚོད་འཛིན་བྱེད་མ་ཐུབ་པར་ཟ་མ་མང་པོ་ཟོས་ཚེ། འབད་པ་ཚང་མ་སྟོང་ཟད་དུ་འགྲོ་ངེས། གལ་སྲིད་དངོས་གནས་ཟ་མ་བཟའ་འདོད་ཚེ། ཚད་དང་རན་པའི་ངང་ནས་སིལ་ཏོག་གམ་སྔོ་ཚོད་འགའ་རེ་ཟོས་ཆོག

དུས་ལྟར་ལུས་སྦྱོང་འཆར་གཞི་སྙོམས་སྒྲིག་བྱེད་པ། སྦྱོང་བརྡར་བྱས་པ་བརྒྱུད་མིའི་རྙིང་ཚབ་གསར་བརྗེ་ཡི་ནུས་པ་ཇེ་མཐོ་དང་སྦྱོང་བརྡར་ནུས་པ་ཇེ་ཆེར་འགྲོ་ཐུབ། སྐབས་དེར་དུས་ལྟར་ལུས་སྦྱོང་འཆར་གཞི་སྙོམས་སྒྲིག་བྱེད་དགོས་ལ། ཚད་དང་རན་པའི་སྒོ་ནས་སྦྱོང་བརྡར་བྱེད་ཚད་ཇེ་མཐོར་བཏང་ནས་རྙིང་ཚབ་གསར་བརྗེ་ཡི་ནུས་པ་སྔར་ལས་ཇེ་མཐོར་གཏོང་དགོས། དུས་ཡུན་རིང་པོ་ཞིག་ལ་སྦྱོང་བརྡར་བྱེད་ཚད་གཅིག་པ་ཞིག་རྒྱུན་འཁྱོངས་བྱས་ན། ལུས་པོའི་ལྗིད་ཚད་ཚོད་འཛིན་བྱེད་པ་ལས་མུ་མཐུད་ནས་ཚོ་བྱང་དུ་འཇུག་མི་ཐུབ།

རྩོམ་སྒྲིག་པ། འབྲུག་མོ།