མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་བོད་སྨན་རྫས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བའི་བྱེ་བྲག་གི་བྱེད་ཐབས་ཉེར་ལྔ་བཏོན་པ།
2019.04.03 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 20

ཉེ་ལམ། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིན་གྱིས《མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་བོད་སྨན་རྫས་ཀྱི་འཕེལ་རྒྱས་ལ་རོགས་འདེགས་དང་སྐུལ་སྤེལ་གཏོང་བའི་བྱེད་ཐབས་འགའ》བཏོན་ཏེ། བྱེ་བྲག་གི་བྱེད་ཐབས་ཉེར་ལྔ་ཡིས་ཀྲུང་བོད་སྨན་རྫས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཇེ་མཐོར་བཏང་།

《བྱེད་ཐབས་འགའ》ཡི་ནང་དུ་སྨན་བཅོས་ཞབས་ཞུའི་དྲ་རྒྱ་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་དང་། སྨན་བཅོས་ཞབས་ཞུའི་ནུས་པ་མཐོར་འདེགས་གཏོང་བ། ཁམས་གསོ་བདེ་སྲུང་ཞབས་ཞུ་འཕེལ་རྒྱས་སུ་གཏོང་བ། འཇོན་མིའི་འཛུགས་སྐྱོང་ལ་ཤུགས་སྣོན་པ། རྒྱུན་འཛིན་དང་གསར་གཏོད་ལ་སྐུལ་སྤེལ་གཏོང་བ། ཐོན་སྐྱེད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རིག་གནས་འཛུགས་སྐྲུན་དང་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་པ་སོགས་ཀྱི་ཐད་ནས། བྱེ་བྲག་གི་བྱེད་ཐབསཉེར་ལྔ་བཏོན་ཡོད།

《བྱེད་ཐབས་འགའ》ཡི་ནང་དུ་བསྟན་དོན། ཀྲུང་བོད་གསོ་བཅོས་སྨན་ཁང་གི་རྨང་གཞིའི་སྒྲིག་བཀོད་དང་ཞབས་ཞུའི་ཆ་རྐྱེན་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཀྲུང་བོད་གསོ་རིག་སྨན་བཅོས་ཞབས་ཞུའི་དྲ་རྒྱ་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་དགོས། ཉིས་སྟོང་ཉི་ཤུ་ལོའི་བར། ཞིང་ཆེན་ཡོངས་ཀྱི་བརྒྱ་ཆའི་དགུ་ཅུ་ཡི་སྡོད་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་དང་ཞང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་གི་ནང་ཀྲུང་བོད་ལུགས་གསོ་བཅོས་ཁང་འཛུགས་པ་དང་། ཉིས་སྟོང་ཉེར་ལྔ་ལོའི་བར་ཞིང་ཆེན་ཡོངས་ཀྱི་ད་ཡོད་ཀྱི་གཞུང་གཉེར་ཀྲུང་བོད་གསོ་རིག་སྨན་ཁང་ཞིག་གསོ་དང་རྒྱས་སྐྲུན་བྱེད་པའི་ལས་འགན་འགྲུབ་པར་བྱས་ཏེ། སྤྱི་ཚོགས་སྟེང་གི་སྟོབས་ཤུགས་ཀྱིས་ཀྲུང་བོད་གསོ་བཅོས་སྨན་ཁང་དང་ཀྲུང་བོད་གསོ་བཅོས་སྒོ་བསྟེན་ཁང་འཛུགས་སུ་འཇུག་དགོས། ཞིང་ཆེན་ཀྲུང་ལུགས་སྨན་ཁང་དང་ཞིང་ཆེན་བོད་སྨན་ཁང་གཉིས་ས་ཁོངས་ཀྱི་ཀྲུང་ལུགས་དང་བོད་ལུགས་སྨན་བཅོས་ལྟེ་གནས་སུ་འཛུགས་སྐྲུན་བྱ་དགོས་ཤིང་། ཉིས་སྟོང་ཉེར་ལྔ་ལོའི་བར་བརྒྱ་ཆའི་གྱ་ལྔའི་ཡན་གྱི་རྫོང་རིམ་པའི་ཀྲུང་བོད་གསོ་རིག་སྨན་ཁང་དེ་རིམ་པ་གཉིས་པའི་ཚད་གཞི་དང་པོའི་ཀྲུང་ལུགས་གསོ་རིག་དང་མི་རིགས་གསོ་རིག་སྨན་ཁང་གི་ཚད་གཞིར་བསླེབ་ཏུ་འཇུག་དགོས།

《བྱེད་ཐབས་འགའ》ཡི་ནང་བསྟན་དོན། ཀྲུང་བོད་གསོ་རིག་སློབ་གླིང་གི་སློབ་གསོའི་གསོ་སྐྱོང་བྱ་བ་ཧུར་ཐག་གིས་ལེགས་པར་སྤེལ་བ་དང་། ཀྲུང་བོད་གསོ་རིག་ཆེད་མཁས་པའི་དཔུང་སྡེའི་འཛུགས་སྐྲུན་དང་རྒྱུན་མཐུད་སློབ་གསོ་ལ་ཤུགས་སྣོན་པ། ཀྲུང་ལུགས་སྨན་རྫས་ཀྱི་རྒྱུན་འཛིན་དང་གསར་གཏོད་ཐད་འཇོན་མི“ཁྲི་སྟོང་མང་པོ”སྐྱེད་སྲིང་བྱེད་པའི་བཟོ་འགོད་ལག་བསྟར་བཅས་བྱས་ཏེ། ཀྲུང་བོད་གསོ་རིག་གི་སྣེ་ཁྲིད་འཇོན་མི། ཕུལ་བྱུང་འཇོན་མི་དང་གཞི་རིམ་གྱི་འཇོན་མི་སྐྱེད་སྲིང་བྱེད་དགོས། ཀྲུང་བོད་སྨན་རྫས་ཀྱི་རྒྱུན་འཛིན་སྲུང་སྐྱོབ་དང་རིག་གཞུང་ཞིབ་འཇུག་ལ་ཤུགས་སྣོན་པ་དང་། ཞིང་ཆེན་རིམ་པའི་མིང་གྲགས་ཆེ་ཞིང་ལོ་རྒྱུས་རིང་བའི་ཀྲུང་བོད་ལུགས་གསོ་རིག་ལས་སྒྲུབ་ཁང་འཛུགས་པ། “རྒྱལ་ཁབ་བོད་ལུགས་གསོ་རིག་སྨན་རྫས་ཀྱི་ཐོན་སྐྱེད་ལག་རྩལ་གསར་གཏོད་ཞབས་ཞུའི་སྟེགས་བུ”འཛུགས་སྐྲུན་བྱེད་པར་མྱུར་དུ་སྐུལ་འདེད་གཏོང་བ་བཅས་ཀྱིས། བོད་ལུགས་སྨན་རྫས་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱེད་དགོས། ཀྲུང་བོད་སྨན་རྫས་ཀྱི་ཐོན་ཁུངས་སྲུང་སྐྱོབ་དང་བེད་སྤྱོད་ལ་ཤུགས་བསྣན་ནས། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་ལ་འཚམ་པའི་ཀྲུང་བོད་སྨན་རྫས་ཀྱི་འདེབས་འཛུགས་ཐོན་སྐྱེད་དཔེ་དབྱིབས་འཚོལ་ཞིབ་བྱེད་དགོས། སྨན་གསར་པ་ཞིབ་འཇུག་དང་གསར་སྤེལ་བྱེད་པར་སྐུལ་མ་བཏང་སྟེ། ཀྲུང་བོད་སྨན་རྫས་ཀྱི་ཐོན་སྐྱེད་སྐྱོན་བྲལ་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་སྤེལ་གཏོང་དགོས།

《བྱེད་ཐབས་འགའ》ཡི་ནང་ད་རུང་བསྟན་དོན། ཀྲུང་བོད་སྨན་རྫས་ཀྱི་ཁམས་གསོ་བདེ་སྲུང་ཞབས་ཞུ་འཕེལ་རྒྱས་གཏོང་དགོས་པ་དང་། ཀྲུང་བོད་སྨན་རྫས་དང་བདེ་ཐང་རྒན་གསོ་ཞབས་ཞུ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ལ། 《མཚོ་སྔོན་ཞིང་ཆེན་ཀྲུང་བོད་སྨན་རྫས་ཀྱི་ཁམས་གསོའི་ཡུལ་སྐོར་སྤེལ་བར་སྐུལ་འདེད་གཏོང་བའི་སྐོར་གྱི་མཛུབ་སྟོན་བསམ་འཆར》གཏན་འབེབས་བྱས་ཏེ། ཀྲུང་བོད་སྨན་རྫས་ཀྱི་བདེ་ཐང་ཞབས་ཞུ་དང་རིག་གནས་ཡུལ་སྐོར་ཐོན་ལས་གཉིས་སྐྱེ་ལྡན་མཉམ་འདྲེས་ཡོང་བར་སྐུལ་འདེད་གཏོང་དགོས། ཀྲུང་བོད་སྨན་རྫས་ཀྱི་རིག་གནས་འཛུགས་སྐྲུན་དང་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་པ་དང་། རྒྱལ་ཡོངས་རང་བཞིན་ནམ་རྒྱལ་སྤྱིའི་རང་བཞིན་གྱི་ཀྲུང་བོད་སྨན་རྫས་རིག་གཞུང་གྲོས་ཚོགས་དང་གླེང་སྟེགས། ཐོན་རྫས་འགྲེམ་ཚོང་འདུ་ཚོགས་སོགས་བསྒྲུབས་ཏེ། ཀྲུང་བོད་སྨན་རྫས“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ནང་ཞུགས་པར་ཧུར་ཐག་གིས་སྐུལ་སྤེལ་བྱེད་པ་དང་། ཀྲུང་བོད་སྨན་རྫས“ཕྱིར་བསྐྱོད་པ”ཡི་གོམ་འགྲོས་ཇེ་མགྱོགས་སུ་གཏོང་དགོས། །

རྩོམ་སྒྲིག་པ། འབྲུག་མོ།