མཱ་ཅི་ཞའོ་ཡིས་ཞིང་ཆེན་བུད་མེད་དང་བྱིས་པའི་སྨན་ཁང་དང་ཟི་ལིང་གྲོང་ཁྱེར་ཏུང་ཀོན་གཞིས་ཁུལ་འཕྲོད་བསྟེན་ཞབས་ཕྱིའི་ལྟེ་གནས་ཀྱི་བྱ་བར་རྟོག་ཞིབ་བྱས།
2019.04.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

ཟླ་བཞི་བའི་ཚེས་བཅུ་དགུའི་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་མཱ་ཅི་ཞའོ་ཞིང་ཆེན་བུད་མེད་དང་བྱིས་པའི་སྨན་ཁང་དང་ཟི་ལིང་གྲོང་ཁྱེར་ཏུང་ཀོན་གཞིས་ཁུལ་འཕྲོད་བསྟེན་ཞབས་ཕྱིའི་ལྟེ་གནས་སུ་སོང་སྟེ་སྨན་བཅོས་སྒྲིག་གཞིའི་ཚོགས་ཁག་གི་བྱ་བར་རྟོག་ཞིབ་བྱས་ཤིང་ཡུལ་དངོས་ནས་སྨན་ཁང་གི་འབྲེལ་ཡོད་ཚན་ཁག་དང་སྨན་ལེན་ས། སྒོ་བསྟེན་ཁང་། ནད་ཁང་སོགས་ལ་ལྟ་ཞིབ་བྱས་ཏེ་ཚན་ཁག་གི་འཛུགས་སྐྲུན་དང་ནད་པར་སྨན་བཅོས་བྱས་པ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས་པར་མ་ཟད། སྨན་ཁང་གི་སྨན་པ་དང་ནད་གཡོག་མཁན་ལ་འཚམས་འདྲི་བྱས་པ་དང་སྨན་ཁང་གི་འགོ་ཁྲིད་ཚན་ཁག་དང་ལས་བཟོ་བའི་འཐུས་མི་དང་བཞུགས་མོལ་བརྗེ་རེས་བྱས། མཱ་ཅི་ཞོ་ཡིས་བསྟན་དོན། སྨན་བཅོས་ཞབས་ཕྱི་སྒྲིག་གཞི་ཡིས་དུས་རབས་གསར་བའི་འཕེལ་རྒྱས་དགོས་མཁོ་གཞིར་བཟུང་སྟེ་མུ་མཐུད་དུ་བཅོས་སྒྱུར་གསར་སྐྲུན་བྱེད་པ་དང་སྨན་བཅོས་ཞབས་ཕྱིའི་སྤུས་ཚད་ཇེ་མཐོར་གཏོང་དགོས་ལ། ལས་བཟོ་བའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་པ་དང་སྟོབས་ཤུགས་ཡོད་རྒུ་བཏོན་ནས་ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་ལས་དོན་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།

མཱ་ཅི་ཞའོ་ཡིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་བཟང་བོ་བྱས་ཏེ། བསམ་ཕྱོགས་ཡང་དག་པར་བྱེད་པ་དང་ལས་བཟོ་བར་སྣེ་ཁྲིད་བྱས་ནས་ཏང་གི་གསུང་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་དགོས། ལས་བཟོ་བའི་ཁེ་དབང་སྲུང་སྐྱོབ་བཟང་བོ་བྱེད་པ་དང་ལས་བཟོ་བར་ཞབས་ཞུ་གང་ལེགས་བསྒྲུབ་དགོས་པར་མ་ཟད། གཞི་རིམ་སྨན་བཅོས་མི་སྣར་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པར་ཤུགས་སྣོན་དགོས་པ་དང་ལྷག་པར་དུ་བུད་མེད་ལས་བཟོ་བའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་དགོས། ཤེས་ལྡན་མི་སྣའི་དཔུང་སྡེ་འཛུགས་སྐྲུན་ལ་མཐོང་ཆེན་བྱས་ཏེ་ཤུགས་ཆེན་པོས་ལས་བཟོ་བའི་ངལ་རྩོལ་སྙིང་སྟོབས་དང་ངལ་རྩོལ་དཔེ་ལེགས་སྙིང་སྟོབས་དར་སྤེལ་དང་གསོ་སྐྱོང་བྱས་ནས། མི་དམངས་མང་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཚོ་བ་དང་སྨན་ཁང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་ལས་བརྟན་པའི་རྨང་གཞི་འདོན་སྤྲོད་བྱེད་དགོས་ཟེར།

རྩོམ་སྒྲིག་པ། འབྲུག་མོ།