གྱང་རྩ་ནས་གཟུགས་པོ་དྲང་མོར་ལངས་པའི་ལུས་སྦྱོང་བྱེད་ཐབས།
2019.04.29 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 40

ང་ཚོ་རྒྱུན་དུ་ཟ་མ་རྒྱག་དྲགས་པ་ཞིག་ཟོས་རྗེས་འབོལ་ཁྲིའི་སྟེང་བསྡད་དེ་བརྙན་འཕྲིན་ལ་ལྟ་བ་དང་། ཡང་ན་ཐད་ཀར་ཉལ་ནས་འདུག་རྒྱུར་ཧ་ཅང་དགའ། དེ་ལྟར་བྱས་ན་ཕོ་རྒྱུའི་འཇུ་སྟོབས་ཉམས་སྲིད་པར་མ་ཟད། ལུས་ལ་ཚོ་བུད་ནས་མིག་ལ་མི་མཛེས་པའི་ཕོ་བ་ཆེན་པོ་ཞིག་གོ་མེད་ཚོར་མེད་ངང་འབུར་ཡོང་བ་རེད། དེ་ལ་འགོག་ཐབས་ཧ་ཅང་སྟབས་བདེ་ཞིག་ཡོད་དེ། ཟ་མ་ཟོས་རྗེས་གྱང་རྩ་ནས་སྐར་མ་བཅུའི་རིང་ལངས་ནས་བསྡད་ན། འཇུ་སྟོབས་ཇེ་ཆེར་འགྲོ་བར་མ་ཟད་ཚོ་བྱང་བར་ཕན་ལ། དེའི་ཕན་ནུས་ནི་ཟོས་རྗེས་སུ་འཆམ་འཆམ་ལ་འགྲོ་བ་དང་ཞོ་འཐུང་བ་ལས་ཀྱང་བཟང་།

གྱང་རྩ་ནས་ལངས་ན་ཕན་པ་གང་དག་ཡོད་པ་དང་། ཇི་ལྟར་ལངས་ན་ད་གཟོད་ནུས་པ་ཐོན་པ་ཡིན་ཞེ་ན།

ཆེས་བཟང་བའི་ཐབས་ལམ་ནི་ཟོས་རྗེས་སུ་ངལ་གསོ་ཅུང་ཙམ་བྱས་རྗེས་ལྷམ་ཕུད་ཅིང་། གྱང་རྩ་ནས་དྲངས་མོར་ལངས་དགོས། ངེས་པར་གཤམ་གྱི་ཆ་རྐྱེན་འདི་དག་འཛོམས་དགོས་ཏེ། ཀླད་པའི་ཕྱི་ལྟག་དང་ཕྲག་རྒྱབ། འཕོངས་རྐུབ། རྐང་བའི་ཉྭ་རིལ། རྐང་བའི་ཕྱི་རྟིང་སོགས་གནས་ལྔ་ཐིག་གཅིག་གི་སྟེང་འབབ་ཏུ་བཅུག་ནས་གྱང་ལ་སྦྱར་བ་དང་། དེ་དང་མཉམ་དུ་ད་རུང་གསུས་ཤ་ནང་དུ་བསྐུམ་དགོས། དེ་ལྟར་ཡུན་རིང་བོར་རྒྱུན་འཁྱོངས་བྱས་ན་ཚོ་བྱང་བར་ཕན་པར་མ་ཟད། གོམས་གཤིས་མི་ལེགས་པ་ལས་བྱུང་བའི་སྟོད་སྒུར་གྱི་གནས་སྟངས་ངན་པ་དེའང་སེལ་ནས་སྐྱེས་གཟུགས་ཇེ་ཡག་ལ་གཏོང་ཐུབ་པ་རེད། ཐོག་མར་དེ་ལྟར་བྱེད་པའི་སྐབས་སུ་ཧ་ཅང་ཐང་ཆད་ངེས་པས། སྔོན་ལ་སྐར་མ་ལྔའི་རིང་རྒྱུན་འཁྱོངས་བྱེད་པ་དང་། དེ་ནས་རིམ་གྱིས་དུས་ཡུན་ཇེ་རིང་ལ་བཏང་ནས། མཇུག་མཐར་སྐར་མ་སུམ་ཅུར་སླེབས་སུ་འཇུག་དགོས་པ་དང་། དེ་ལྟར་ཟླ་གཅིག་ཡས་མས་ལ་རྒྱུན་འཁྱོངས་བྱས་ན་མངོན་གསལ་གྱི་ཕན་འབྲས་མཐོང་ཐུབ་བོ།།

རྩོམ་སྒྲིག་པ། འབྲུག་མོ།