དཀར་ཟས་ཞོ་དང་ཕྱུར་བའི་དགེ་མཚན་སྐོར།
2019.04.30 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 106

གཅིག ཞོ་ཡི་རིགས།

ཞོ་ནི་འཇུ་སླ་ལ་དྭངས་སྙིགས་འབྱེད་མྱུར་བ། ཁ་ཟས་གཞན་དག་གི་དྭངས་ཁ་འབྱེད་པའི་ནུས་པ་ལྡན་པ་ཞིག་ཡིན་ལ། བོད་ལུགས་གསོ་རིག་གི་གཞུང་ནས། ཞོ་ཡིས་བཤང་འགག་ནད་སེལ་བ་དང་། རླུང་དང་ལྡན་པའི་ཚད་པ་སེལ་བ། ཁ་ཟས་ཀྱི་ཡི་ག་འབྱེད་པ་བཅས་ཀྱི་ཕན་ནུས་བསྟན་ཡོད་ཅིང་། བྱེ་བྲག་འབྲི་དང་མ་མོའི་ཞོ་ནི་དྲོ་ལ་བཅུད་དང་ལྡན་ཞིང་། བ་མོ་དང་ར་མའི་ཞོ་གཉིས་ངོ་བོ་བསིལ་ལ་ཡང་བ། མཛོ་མོའི་ཞོ་ནི་ངོ་བོ་སྙོམ་པས་ཞོ་ཡི་ནང་ནས་མཆོག་ཏུ་གྱུར་བ་དེ་ཡིན་ཚུལ་གསུངས་ཡོད། དེ་བཞིན་དེང་སྐབས་ཚན་རིག་ཐོག་ནས་བཤད་ན། ཅུང་ཟད་ཐུར་དུ་འཁྲུ་ནུས་ལྡན་པའི་ཞོ་ཡིས་མིའི་ཁོག་པའི་ནང་གི་ཟས་སྙིགས་རུལ་སུངས་ཀྱི་རྣམ་པ་ཅན་དེ་དག་ཅུང་ཟད་ཐུར་དུ་འཁྲུ་བའི་རྣམ་པའི་ཐོག་ནས་དུག་རྒྱུ་གཙང་སེལ་བྱེད་པའི་ནུས་པ་ལྡན་པར་མ་ཟད། སྐྱུར་ནུས་འདི་ཡིས་མིའི་ལུས་པོའི་ནང་གི་རུལ་སུངས་དུག་ལྡན་འབུ་ཕྲ་སྐྱེ་འཕེལ་བྱེད་རྒྱུར་བཀག་འགོག་བྱས་ནས་ལུས་ཁམས་བདེ་སྲུང་ནུས་པ་ཆེན་པོ་ཐོན་བཞིན་ཡོད་སྟབས། རྒྱུན་པར་ཞོ་འཐུང་ན་ཚེ་ཐག་ཇེ་རིང་དུ་གཏོང་ཐུབ་པ་ཡིན།

གཞན་ཡང་དཔྱད་གཞིའི་ཡིག་རིགས་ཁག་ལས་ཞོ་ཡིས་ཕན་ནུས་འགའ་ཞིག་ཡོད་ལུགས་བསྟན་ཡོད་པ་ནི།

གཅིག་ནས་ཞོ་ཡིས་ཟས་ཀྱི་དང་ག་འབྱེད་པ་དང་ཁ་ཟས་འཇུ་བའི་གྲོགས་བྱེད་པ།

གཉིས་ནས་ཞོ་ཡི་ནང་དུ་འོ་སྐྱུར་ཅུན་ཞེས་པ་ཡོད་ཅིང་། དེས་འབྲས་སྐྲན་སྔོན་འགོག་གི་ནུས་པ་ཆེན་པོ་ཐོན་པ།

གསུམ་ནས་མཁྲིས་པའི་གཤེར་རྩི་ཇེ་དམའ་རུ་གཏོང་ནུས་པས་མཁྲིས་པའི་གཉན་ཚད་སྔོན་འགོག་ཐུབ་པ།

བཞི་ནས་ཞོ་ནི་ངོ་བོ་ཐུར་དུ་འཁྲུ་བའི་ནུས་པ་ལྡན་པ་དེས་རྒྱུ་མའི་ནད་འབུ་བསྐྱེད་པར་སྔོན་འགོག་དང་། བཤང་འགག་ནད་མི་འབྱུང་བའི་སྔོན་འགོག་བྱེད་ཐུབ་པ།

ལྔ་ནས་ནད་འགོག་ནུས་ཤུགས་ཇེ་མཐོར་གཏོང་ཐུབ་པར་བཤད།

ཞོ་འཐུང་བའི་ཚད་གཞི་ཡང་རབ་ཡིན་ན་ཞོགས་པ་འོ་མ་ཕོར་བ་གང་དང་། ཉིན་གུང་ཁ་ཟས་ཀྱི་རྗེས་སུ་ཞོ་ཕོར་བ་གང་རེ་འཐུང་ཚེ་མང་ཉུང་འོས་འཚམ་ཡིན་མོད། དེ་ལྟར་མིན་པར་ཉིན་རེར་ཕོར་བ་དོ་ཙམ་མམ། ཧའོ་ཧྲིན350ནས་500ཙམ་བསྟེན་ཡང་འགལ་བ་ཆེར་མེད་ལུགས་བསྟན་ཡོད།

  གཉིས། ཕྱུར་བའི་རིགས།

  ཕྱུར་བ་ཡིས་ཁ་ཟས་ལ་ཡི་ག་འབྱེད་པ་དང་། ཁ་ཟས་འཇུ་གྲོགས་བྱེད་པ་སོགས་ཀྱི་ནུས་པ་ལྡན། ཕོ་བར་བེ་སྣབས་ཆུ་སྐྱུར་ལངས་ནས་ཕོ་བ་ཚ་ཤར་བྱེད་པའི་ནད་སོགས་སྨུག་པོ་ཐོག་མའི་དུས་ལ་ཅུང་ཟད་གནོད་པ་ཡིན།

གསུམ། དར་བའི་རིགས།

དེ་ཡང་འབྲི་དང་མཛོ་མོ། བ་མོ་དང་ར་མ། མ་མོ་སོགས་ལས་ཐོན་པ་སོ་སོར་མི་འདྲ་བ་མང་དུ་ཡོད་སྲིད་ཀྱང་སྤྱིའི་ཆ་ནས་འོ་མ་དཀྲོག་མ་ཐག་པའི་དར་བ་གསར་བ་ཡིས་ཕོ་བའི་མེ་དྲོད་བསྐྱེད་པ་དང་། བད་རླུང་གི་སྐྲན། དམུ་ཆུ། ཕོ་མཆེར་གྱི་ནད། ཡི་ག་འཆུས་པ། ཆུ་སྲི་བ། མར་མ་ཞུ་བ། སྦྱར་དུག སྐྱ་རྦབ་ནད་སོགས་ལ་ཕན་པ་དང་ལྷག་པར་དུ་བཤང་སྐམ་འགོག་ཐུབ་པས་གཞང་འབྲུམ་ནད་ལ་མཆོག་ཏུ་ཕན། འོན་ཀྱང་ཅུང་ཟད་ཐུར་དུ་འཁྲུ་བའི་ནུས་པ་ལྡན་པས་ཁོག་པ་བཤལ་བའི་སྐབས་སུ་བསྟེན་མི་རུང་།

  བཞི། ཕྱུར་ཁུའི་རིགས།

རྒྱུད་ལས། ཕྱུར་ཁུས་རླུང་མཁྲིས་མི་བསྐྱེད་བད་ཀན་སེལ་ཞེས་ཉེས་པ་གསུམ་གར་མི་གནོད་ཕན་པར་གསུངས་ཡོད་པ་ལྟར། ཟས་ལ་ཡི་ག་འབྱེད་པ་དང་། ཁ་ཟས་འཇུ་སླ་ཞིང་དྭངས་མ་རང་གནས་སུ་འཇོག་པ་སོགས་ཀྱི་ཕན་ནུས་ཡོད་ཀྱང་རོ་སྐྱུར་བས་ཕོ་བའི་ཆུ་སྐྱུར་འཕེལ་ཞིང་། ཕོ་བར་ཚ་ཤར་བྱེད་པ་སོགས་སྨུག་པོ་ཐོག་མའི་དུས་སུ་ཅུང་ཟད་གནོད་པ་ཡིན། །

   《བདེ་སྲུང་རྒྱུན་ཤེས》ཞེས་པའི་དཔེ་དེབ་ལས་བཤུས། 

རྩོམ་སྒྲིག་པ། འབྲུག་མོ།