བུད་མེད་ལ་ཟླ་མཚན་འབབ་པའི་སྐབས་སུ་མཉམ་འཇོག་ལེགས་པོ་བྱེད་དགོས།
2019.05.06 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 186

བུད་མེད་རྣམས་ཀྱིས་ཟླ་མཚན་འབབ་པའི་སྐབས་སུ་བཟའ་བཏུང་དང་སེམས་ཁམས། སྤྱོད་ལམ་སོགས་གང་གི་ཐད་ལའང་མཉམ་འཇོག་བྱེད་དགོས་པ་སྟེ།

གཅིག གཙང་སྦྲར་དོ་སྣང་བྱས་ནས་རྒྱུན་འཁྱོངས་བྱེད་དགོས། ཟླ་མཚན་འབབ་པའི་སྐབས་སུ་ནད་དུག་ཕོག་སླ་བས། ངེས་པར་སྐྱེ་ལམ་དང་རྐང་ཐུང་། ཤོག་བུ་བཅས་ཀྱི་གཙང་སྦྲར་དོ་སྣང་བྱེད་དགོས། རྐང་ཐུང་ནང་གོས་རྒྱུན་དུ་བཀྲུས་ནས་བརྗེ་དགོས་ལ་ཉི་འོད་འོག་ཏུ་སྐམ་དགོས། ཤོག་བུ་འཇམ་ལ་གཙང་དགོས་པ་དང་ཡང་ཡང་བརྗེ་དགོས། ལུས་པོ་ལངས་ནས་བཀྲུ་བ་ལས་ཁྲུས་གཞོང་དུ་བཀྲུ་བའམ་ཆུ་རྐྱལ་བྱེད་མི་འོས། བཟའ་ཟླ་དང་མཉམ་དུ་ཉལ་པོ་སྤྱོད་པར་འཛེམ་དགོས་ལ་སྐྱེ་ལམ་ལ་བརྟག་དཔྱད་བྱེད་དུས་སྔོན་ལ་དུག་སེལ་བྱེད་དགོས།

གཉིས། དྲོད་གྲང་རན་པར་བྱེད་དགོས། ཟླ་མཚན་སྐབས་རེར་མང་ཞིང་སྐབས་རེར་ཉུང་བ་དེ་ནི་དྲོད་གྲང་རན་པོ་མ་ཡོང་བའི་རྟགས་ཡིན་པས། ཟླ་མཚན་འབབ་པའི་སྐབས་སུ་ངེས་པར་དྲོད་སྲུང་བཟང་པོ་བྱས་ནས་དྲོས་འཁྱག་ལ་འགྲོ་བར་མཉམ་འཇོག་བྱེད་དགོས། ཆུ་ལ་མི་བརྒལ་བ་དང་ཆར་ནང་དུ་མི་འགྲོ་བ། ཁ་བའི་ཁྲོད་དུ་མི་རྒྱུ་བ། ཚ་བའི་དུས་སུ་ངལ་རྩོལ་མི་བྱེད་པ་བཅས་བྱེད་དགོས། དེ་མིན་ན་ཟླ་མཚན་འབབ་པའི་སྐབས་སུ་ནད་རྟགས་སྣ་ཚོགས་འབྱུང་སྲིད།

གསུམ། འཁྱག་རློན་དང་ཚ་སྐྱུར་གྱི་ཟས་རིགས་ལ་འཛེམ་དགོས། ཟླ་མཚན་འབབ་པའི་སྐབས་སུ་ནུ་མ་སྐྲངས་ཤིང་ན་བ་དང་གསུས་པ་སྦོས་པ། དྲི་ཆུ་ཉུང་ཞིང་དྲི་ཆེན་སྐམ་པ་སོགས་ཀྱི་སྣང་ཚུལ་བྱུང་ན། མཆིན་མཚེར་གྱི་ནུས་པ་ཞན་པའི་རྟགས་ཡིན་པས། སྐབས་དེར་སྣུམ་ཉུང་ཞིང་འཚོ་བཅུད་བཟང་བའི་ཟས་རིགས་བརྟེན་དགོས། ཟས་རིགས་འཁྱག་པ་དང་རློན་པ། ཚ་སྐྱུར་གྱི་རིགས་བཟའ་མི་རུང་། ཚ་སྐྱུར་གྱི་རིགས་མང་དུ་ཟོས་ན་ཚ་བ་འཕེལ་ཞིང་བསིལ་བ་ཉམས་པས། ཟླ་མཚན་ཇེ་མང་དུ་འགྲོ་བ་དང་། འཁྱག་པ་དང་རློན་པའི་རིགས་མང་དུ་ཟོས་ན་ཁྲག་གི་རྒྱུ་བ་ཁེགས་སྲིད་པས་རྐེད་པ་ན་ཞིང་ཟླ་མཚན་འབབ་དཀའ་བ་རེད། དེ་མིན་ཆང་མང་དུ་འཐུང་ན། བུ་སྣོད་ལ་གནོད་འཚེ་ཐེབས་ཏེ་ཁྲག་རླུང་འཁྲུག་པ་དང་ཟླ་མཚན་རྒྱུན་ལྡན་སྒོས་འབབ་པར་གནོད་པ་བཟོ་སྲིད།

བཞི། སེམས་ཁམས་ལེགས་པོ་ཡོང་བར་བྱེད་དགོས། ཟླ་མཚན་འབབ་པའི་སྐབས་སུ་ནུ་མ་སྐྲངས་ཤིང་ན་བ། རྐེད་པ་ན་ཞིང་ཐང་ཆད་སླ་བ། གསུས་པ་སྦོས་པ་སོགས་ཀྱི་སྣང་ཚུལ་བྱུང་ནའང་སེམས་ཁམས་ལེགས་པོ་ཡོང་ཅི་ཐུབ་བྱེད་དགོས། དེ་མིན་ཚེ་དོན་ལྔ་སྣོད་དྲུག་གི་ནུས་པ་འཁྲུགས་ནས་ཁྲག་རླུང་གི་རྒྱུ་བ་རྒྱུན་ལྡན་མིན་པ་དང་ཟླ་མཚན་མི་སྙོམས་པའི་ནད་འབྱུང་སྲིད།

ལྔ། སྦྱོང་བརྡར་འོས་འཚམ་བྱེད་དགོས། ཟླ་མཚན་འབབ་པའི་སྐབས་སུ་ཁྲག་རླུང་གི་རྒྱུ་བ་སྙོམས་པོ་ཡོང་རྒྱུ་ཤིན་ཏུ་གལ་ཆེ། འོས་འཚམ་གྱི་སྦྱོང་བརྡར་བྱས་ན་ཟླ་མཚན་རྒྱུན་ལྡན་གྱིས་བབས་ཏེ་རྐེད་པ་ན་བ་འགོག་ཐུབ། ཡིན་ཡང་སྦྱོང་བརྡར་ཚད་ལས་བརྒལ་མི་རུང་སྟེ། སེམས་ཚེགས་ཆེ་ཞིང་ཐང་ཆད་པ། སྦྱོང་བརྡར་དྲག་ཅིང་ལས་ཀ་ལྕི་མོ་ལས་ན་རླུང་ཟད་ཅིང་ཁྲག་ལ་ཤན་ཤུགས་ཐེབས་སྲིད་པས། ཟླ་མཚན་མང་བའམ་འབབ་ཡུན་ཇེ་རིང་ལ་སོང་སྟེ་ཐ་ན་ཚོད་འཛིན་མི་ཐུབ་པའི་གནས་སུའང་འགྲོ་ངེས། །

རྩོམ་སྒྲིག་པ། འབྲུག་མོ།