སེམས་ནད་གསོ་ཐབས།
2019.05.10 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 88

མི་ལ་ལས་རྒྱུན་པར་སྨན་པར་འདི་ལྟར་འདྲི་སྲིད་དེ། “ སྨན་པ་ལགས། ང་ལ་བྱུང་བའི་ནད་དེ་ཡིད་མུག་པའི་ནད་ཡིན་ནམ། ཡིད་མུག་པའི་ནད་ཡིན་ན་སེམས་ནད་ཀྱི་རིགས་སུ་གཏོགས་པས། སེམས་ཁམས་ལ་གསོ་བཅོས་མི་བྱེད་པར་ཅིའི་ཕྱིར་སྨན་འཐུང་དགོས་པ་ཡིན”ཟེར།

དུས་ཡུན་རིང་པོར་མི་རྣམས་ཀྱི་སེམས་སུ་སེམས་ཁམས་ཀྱི་ནད་རིགས་སམ་གནད་དོན་ནི་ནད་པའི་བསམ་བློར་གནད་དོན་བྱུང་ནས། རི་བོང་གནམ་རྡིབ་ཀྱི་སྡུག་བསྔལ་ལས་བྱུང་བ་དང་རང་སྡུག་རང་གིས་ཉོས་བ། ཡང་ན་ཨུ་ཚུགས་མཐར་སྐྱེལ་བྱས་ནས་ལྟ་བ་མཁྲེགས་འཛིན་བྱེད་པ། དེ་མིན་སེམས་ཁམས་ལ་ཕོག་ཐུག་ཐེབས་ནས་རེ་ཐག་ཆད་པ་བཅས་ལས་བྱུང་བ་ཡིན་པས། སེམས་ཁམས་སྨན་པས་སེམས་གསོ་ལ་བརྟེན་ནས་གསོ་དགོས་པར་འདོད་ཡོད། དེས་ན་དོན་དངོས་སུ་སེམས་ནད་ནི་ཅི་ཞིག་བསླངས་པ་དང་དེ་ལ་བཅོ་ཐབས་གང་དག་ཡོད་དམ་ཞེ་ན།

གཅིག  སེམས་ཁམས་ཀྱི་ནད་ཀྱང་ནད་རིགས་ཤིག་ཅི་ལ་མིན

སེམས་ནད་ཅེས་པ་ནི་དམངས་ཁྲོད་ཀྱི་འབོད་སྲོལ་ཞིག་རེད། གསོ་རིག་གཞུང་ལུགས་ཀྱི་ངོས་ནས་བཤད་ན་སེམས་ནད་དེ་སེམས་ཁམས་གསོ་རིག་དང་སེམས་ཁམས་རིག་པའི་ཁོངས་སུ་གཏོགས་པ་ཡིན། དེ་ལ་དབང་བོའི་རང་བཞིན་དང་བྱེད་ལས་རང་བཞིན་བཅས་རིགས་གཉིས་འདུ།

རེད་པ་དང་དུག་ཕོག་པ། ཀླད་སྐྲན། རྙིང་ཚབ་གསར་འབྱེད་སོགས་ནད་རྐྱེན་ལས་བསླངས་པའི་དབང་བོའི་རང་བཞིན་གྱི་བསམ་བློའི་འགལ་རྐྱེན་ལས་གཞན། བྱེད་ལས་རང་བཞིན་གྱི་སེམས་ཁམས་སྟེ་སེམས་ཁམས་རྒྱུན་ལྡན་མིན་པར་བསམ་བློའི་ནད་དང་སེམས་ཁམས་ཀྱི་གནད་དོན་ཅེས་རིགས་གཉིས་སུ་དབྱེ་ཆོག དེ་ལས་བསམ་བློའི་ནད་ནི་  སྨྱོ་ནད་དང་ཡིད་མུག་པའི་ནད། དབང་རྩའི་ནད་སོགས་བསམ་བློའི་འགལ་རྐྱེན་ཡིན་ཞིང་། སེམས་ཁམས་ཀྱི་གནད་དོན་ནི་སྤྱི་ཚོགས་ཀྱི་གནས་བབ་དང་མི་འཚམ་པ་དང་མི་དང་མིའི་བར་གྱི་འབྲེལ་བ་མི་ལེགས་པ།  བཟའ་ཚང་འགྲིག་མཐུན་མིན་པ། སློབ་སྦྱོང་གི་གནོན་ཤུགས་ཆེ་བ་སོགས་ལས་བྱུང་བའི་སེམས་ཁམས་ཀྱི་གནད་དོན་ལ་ཟེར།

དེ་གཉིས་ཀྱི་ཁྱད་པར་ནི། དང་པོ་བསམ་བློའི་ནད་ནི་ཀླད་ཆེན་གྱི་དབང་རྩ་དང་དབང་རྩའི་ནང་གི་ཟགས་ཐོན་གྱི་ན་ལུགས་རང་བཞིན་ལ་འགྱུར་ལྡོག་བྱུང་ནས། ཀླད་པའི་བྱེད་ནུས་འཁྲུགས་པ་དང་། སེམས་ཁམས་ལ་གནོད་སྐྱོན་ཐེབས་པ་ལས་ཚོར་ཤེས་དང་བསམ་གཞིགས། བསམ་བློ་དང་བྱ་སྤྱོད་བཅས་ཀྱི་ནད་ཐོག་གི་ནད་རྟགས་མངོན་པ་ཞིག་ཡིན། ཡིན་ནའང་སེམས་ཁམས་ཀྱི་གནད་དོན་ལ་གོང་གི་ན་ལུགས་ཀྱི་རྟགས་དེ་དག་མེད་པར་མ་ཟད། དེ་དང་འབྲེལ་བའི་ནད་ཐོག་གི་ནད་རྟགས་ཀྱང་མེད་ལ། ཐང་ཆད་པ་དང་སེམས་སྡུག་ཅིང་འཚབ་པ། ཁོང་ཁྲོ་ལངས་པ། དངངས་སྐྲག་སྐྱེས་པ་སོགས་སེམས་ཁམས་ཀྱི་རྣམ་པར་གནོད་འཚེ་ཐེབས་པའི་རྟགས་མངོན་པ་ཡིན།

དེར་བརྟེན། ནད་དེ་གཉིས་བྱུང་བ་དང་འཕེལ་བ་སོགས་གང་གི་སྐབས་སུའང་ངོ་བོའི་སྟེང་གི་ཁྱད་པར་ཡོད་པས་གསོ་བཅོས་བྱེད་ཐབས་ཀྱང་མི་འདྲ། ཡིན་ནའང་དེ་གཉིས་ལ་འབྲེལ་བའང་ཡོད་དེ། སེམས་ཁམས་མི་སྙོམས་པ་དེ་བསམ་བློའི་ནད་རིགས་སུ་འགྱུར་སྲིད་ཅིང་། བསམ་བློའི་ནད་དེར་གསོ་བཅོས་བྱས་ནས་ཇེ་དགར་སོང་ནའང་སེམས་ཁམས་སྙོམས་པོ་མིན་པའི་གནད་དོན་སྔར་བཞིན་གནས་སྲིད་པས། གསོ་བཅོས་བྱེད་སྐབས་ཕན་ཚུན་དཔྱད་གཞིར་འཛིན་དགོས།

གསོ་བཅོས་བྱེད་སྐབས་སྨན་རྫས་དང་སྨན་བཅོས་བྱེད་ཐབས་སྣ་གཅིག་ཁོ་ནར་བརྟེན་མི་རུང་།

སེམས་ནད་ཀྱི་འབྱུང་རྐྱེན་མི་གཅིག་པས། གསོ་བཅོས་བྱེད་ཐབས་ཀྱང་མི་འདྲ། སེམས་ཁམས་ཀྱི་གསོ་བཅོས་སམ་སྨན་རྫས་ཀྱི་གསོ་བཅོས་གང་ཡིན་རུང་ཚང་མར་རང་སོ་སོའི་ཚད་བཀག་ཐེབས་ཡོད། བསམ་བློའི་ནད་ལ་བསམ་བློའི་འགལ་རྐྱེན་ལྕི་མོའི་རིགས་དང་བསམ་བློའི་འགལ་རྐྱེན་ཡང་མོའི་རིགས་བཅས་གཉིས་སུ་དབྱེ་ཆོག སེམས་ཁམས་མི་སྙོམས་པ་དེར་མི་དང་མིའི་འབྲེལ་བ་དང་སློབ་སྦྱོང་དང་བྱ་བའི་གནོན་ཤུགས། བཟའ་ཚང་འགྲིག་མཐུན་མིན་པ་སོགས་གནད་དོན་མང་པོ་འདུས་པས། རང་རང་གི་གནས་ཚུལ་མི་འདྲ་བ་ལྟར་གསོ་བཅོས་བྱེད་ཐབས་ཀྱང་མི་འདྲ་བ་སྤྱོད་དགོས།

སེམས་ཁམས་ཀྱི་གནད་དོན་ལ་རྒྱུ་རྐྱེན་སྣ་ཚོགས་ཀྱིས་བསླངས་པའི་སེམས་ཁམས་ཀྱི་འགལ་བ་སྟེ། སེམས་མི་སྐྱིད་པ་དང་། སེམས་འཚབ་ཅིང་སྐྲག་སྣང་སྐྱེས་པ། ཁོངས་ཁྲོ་ལངས་པ་སོགས་སེམས་ཁམས་མི་སྙོམས་པའི་རྟགས་མངོན་པ་ཡིན། དེའི་གསོ་བཅོས་བྱེད་ཐབས་ནི་སེམས་ཁམས་ལ་གསོ་བཅོས་བྱེད་པ་གཙོར་འཛིན་དགོས་ཤིང་དགོས་ངེས་ཀྱི་སྐབས་སུ་སྨན་ཉུང་ཙམ་བཀོལ་ཆོག སེམས་ཁམས་ལ་གནད་དོན་ཡོད་པའི་མི་ལ་མཚོན་ན།  སེམས་ཁམས་འཚར་ལོངས་འབྱུང་བའི་གོ་རིམ་ཁྲོད་གནད་དོན་ལ་འཕྲད་པ་དང་། དེའི་མངོན་རྟགས་ནི་སེམས་ཁམས་ཀྱི་ཚོར་བ་རྐྱེན་པོ་ཡིན་པ་དང་། སྙོམ་སྒྲིག་བྱེད་སྟངས་མི་འཚམ་པས། ནམ་རྒྱུན་སེམས་མི་སྐྱིད་པ་དང་སྨན་རྫས་ཀྱིས་ཀྱང་སེམས་ཁམས་སྙོམ་སྒྲིག་བྱེད་དཀའ་བའི་གནད་དོན་འབྱུང་སྲིད་པ་ཡིན། ཡིན་ནའང་ནད་པ་ལ་ལར་གཉིད་མི་ཁུག་པ་དང་། ཁོང་ཁྲོ་ལངས་པ་སོགས་ཀྱི་ནད་རྟགས་མངོན་ཚེ་གནས་སྐབས་སུ་སྨན་བསྟེན་ཆོག་ལ། སེམས་ཁམས་ཀྱི་གནད་དོན་དེ་དག་བདེ་ལ་བབས་རྗེས་འཕྲལ་དུ་སྨན་བསྟེན་མཚམས་བཞག་ཆོག

མདོར་ན། སེམས་ནད་སྣ་ཚོགས་ལ་གསོ་བཅོས་བྱེད་ཐབས་སྣ་གཅིག་ཁོ་ནར་མི་བརྟེན་པར། དེའི་རྒྱུ་རྐྱེན་དངོས་བཙལ་ན། ད་གཟོད་གསོ་བཅོས་ལེགས་པོ་བྱེད་ཐུབ།

གོང་གི་ཤེས་བྱ་འདི《མཚ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང》གིས་འདོན་སྤྲོད་བྱས་པ་ཡིན། 

ལོ་ཙཱ་བ། འབྲུག་མོ།