བློ་སྦྱོང་དང་བདེ་ཐང་ཇི་ལྟར་ཟུང་འབྲེལ་བྱེད་དགོས།
2019.05.20 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 26

ང་ཚོར་བདེ་ཐང་གི་ལུས་ཕུང་ཞིག་ཡོད་པར་འདོད་ན། ཐོག་མར་རང་ཉིད་ལ་བསམ་བློ་གཙང་མ་ཞིག་ལྡན་དགོས་ཏེ། དེ་ནི་རང་སྟེང་གི་བློ་སྦྱོང་མཐོར་འདེགས་བཏང་ནས་ལུས་པོ་བདེ་ཐང་ཡོང་བ་རྒྱུན་འཁྱོངས་བྱ་རྒྱུ་དེ་ཡིན། འོ་ན་བློ་སྦྱོང་དང་བདེ་ཐང་ཇི་ལྟར་ཟུང་འབྲེལ་བྱེད་དགོས་ཞེ་ན།

ལུས་སེམས་འཆམ་མཐུན་སྒོས་གཤིས་ཀ་ཡག་པོ་གསོ་སྐྱོང་བྱེད་པ། གནའ་མིའི་ཁ་དཔེར་ནད་བརྒྱ་རླུང་ལས་བསྐྱེད་པ་དང་། ནད་བརྒྱ་སེམས་ཁམས་ལས་བསྐྱེད་ཅེས་ཟེར་སྲོལ་ཡོད། མི་དང་མིའི་བར་གྱི་གཞི་རྒྱུ99.9%ནི་གཅིག་མཚུངས་ཡིན་པས་གཤིས་ཀ་ཕལ་ཆེར་འདྲ་མཚུངས་ཡིན། ཡིན་ཡང་མི་ཚེ་བགྲོད་ལམ་མི་གཅིག་སོ་སོ་ཡིན་པས་གོམས་གཤིས་ཁ་ཁ་ཡིན། དེའི་ཕྱིར་སེམས་ཁམས་བདེ་ཐང་ཡིན་མིན་དེ་གཤིས་ཀར་རག་ལས་ཡོད།

སྤྲོ་སྣང་ཡོད་པའི་སྒོ་ནས་སེམས་ཁམས་གསོ་སྐྱོང་བྱེད་པ། ཡོད་ཚད་ཆོས་ཉིད་དང་བསྟུན་དགོས་ལ། རང་གིས་རང་ལ་དཀའ་ལས་བཟོ་མི་རུང་། རང་ལ་བལྟ་འདོད་ཆེ་བ་དང་འབྲི་འདོད་ཡོད་པ། བཤད་འདོད་ཡོད་པ། ཟ་འདོད་ཆེ་བ། འཐུང་འདོད་ཡོད་པ། འབྲེལ་འདྲིས་བྱེད་འདོད་ཆེ་བ་སོགས་ཀྱི་ཕྱོགས་སུ་འབད་ན་སེམས་ཁམས་སྐྱིད་པར་མ་ཟད། ད་དུང་ལུས་ཁམས་བདེ་ཐང་དང་ཚེ་ཐག་རིང་བ་ཡོང་སྲིད།

འགྲོ་འདུག་སྤྱོད་གསུམ་ལ་དང་དོད་བྱེད་པ། གལ་ཏེ་མི་ཞིག་ལ་འཚོ་བའི་གོམས་གཤིས་ལེགས་པོ་ཡོད་པ་དང་། འགྲོ་འདུག་སྤྱོད་གསུམ་ལ་དང་དོད་བྱེད་པ། བཟའ་བཏུང་ལ་གོ་རིམ་ཡོད་པ་བཅས་ངལ་རྩོལ་དང་ངལ་གསོ་བྱེད་ཚད་འོས་འཚམ་ཡིན་ཚེ་ཚེ་ཐག་ཇེ་རིང་དུ་གཏོང་ཐུབ། དེ་ལས་ལྡོག་སྟེ་འགྲོ་འདུག་སྤྱོད་གསུམ་ལ་དང་དོད་མེད་པ་དང་། ངལ་རྩོལ་བྱེད་ཤུགས་ཆེ་བ་སོགས་ཀྱིས་ལུས་པོའི་བདེ་ཐང་ལ་གནོད་པ་ཐེབས་སྲིད། ཚེ་ཐག་རིང་ཞིང་ལུས་པོ་བདེ་ཐང་ཡོང་འདོད་ན། འཚོ་བའི་སྤྱོད་སྟངས་དང་གོམས་གཤིས་ནི་རིམས་ནད་སྔོན་འགོག་གི་གནད་འགག་ཡིན།

ཕྱི་གསལ་ནང་གསལ་གྱིས་ཀུན་སྤྱོད་གསོ་སྐྱོང་བྱེད་པ། གནའ་བོའི་མིང་དུ་གྲགས་པའི་སྨན་པ་སུང་སུ་མིའོ་ཡིས“སྤྱོད་བཟང་ལ་མ་མཁས་ན། ཟས་རིགས་བཟང་པོ་བསྟེན་རུང་ཚེ་ཐག་བསྲིང་དཀའ”ཞེས་བཤད་ཡོད། པ་ཞིའི་གསོ་རིག་པ་མ་ཏིན་སིས་ལོ་ངོ་བཅུའི་རིང་རྒན་པ་ཚེ་ཐག་རིང་བའི་སྐོར་ལ་ཞིབ་འཇུག་བྱས་པ་ལས་ཤེས་རྟོགས་བྱུང་བ་ནི། ཚེ་ཐག་རིང་བའི་མིའི99%ཡས་མས་ནི་ཀུན་སྤྱོད་བཟང་ཞིང་མཚན་སྙན་ཆེ་བའི་རིགས་རེད། མི་ཞིག་ལ་ཀུན་སྤྱོད་ཡག་པོ་ཡོད་ཚེ་རང་ཉིད་དང་འབྲེལ་བ་མེད་པའི་དོན་དག་གི་རིགས་ལ་རྩོད་གླེང་མི་བྱེད་པ་རེད། ཁུང་ཙིས“སྐྱེས་བུ་དམ་པ་རྔམ་བརྗིད་ལྡན། མི་ངན་ལ་ནི་གཉེན་གྲོགས་མང་།”ཞེས་གསུང་བ་ཡང་དེ་བཞིན་ནོ། ། ཀུན་སྤྱོད་ཡག་པོ་ལྡན་པའི་མིས་གཞན་གྱི་ཁེ་ཕན་ལ་གནོད་མི་སྐྱེལ་བ་དང་རྒྱུ་ནོར་ལ་ཧམ་པ་མི་སྐྱེ། མི་དེའི་རིགས་ཀྱི་སེམས་ཁམས་སྐྱིད་པར་མ་ཟད། ཟ་མ་ཟོས་ན་ཞིམ་པ་དང་གཉིད་ཁུག་པ། དགའ་སྤྲོས་ཁེངས་ཡོད་པས་ལུས་ཕུང་བདེ་ཐང་དང་ཚེ་ཐག་རིང་བར་ཕན། དེང་སྐབས་སེམས་ཁམས་རིག་པས་ར་སྤྲོད་བྱུང་བ་ལྟར་ན། ཁྲིམས་སྲོལ་བརྩི་སྲུང་དང་། དཔལ་ཡོན་གུས་ཞབས། བྱམས་དང་བརྩེ་བ་ལྡན་ཚེ་ནང་སེམས་སྐྱིད་པ་རེད།

རྒས་དུས་སློབ་གཉེར་བྱས་ནས་ཤེས་རབ་བསྐྱེད་པ། ཞིབ་འཇུག་བྱས་པའི་རྒྱུ་ཆ་ལས་མངོན་པ་ལྟར་ན། ཀླད་པ་འགུལ་སྐྱོད་བྱས་ན་ད་གཟོད་མིའི་ཀླད་པ་བདེ་ཐང་ཡོང་བ་དང་། ཀླད་པའི་མཐུན་སྦྱོར་དང་ལུས་པོའི་བྱེད་ནུས་ཚོད་འཛིན་བྱས་ན་ལུས་པོ་བདེ་ཐང་དང་ཚེ་ཐག་རིང་བའི་དམིགས་ཡུལ་མངོན་འགྱུར་བྱེད་ཐུབ། དེ་བས་ཀླད་པ་འགུལ་བར་དགའ་བའི་མི་ལ་ཧོན་ལོག་པའི་ནད་འབྱུང་ཚད་དམའ་བ་རེད།

རྩོམ་སྒྲིག་པ། འབྲུག་མོ།