མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་ཕྱོགས་བསྡུས་སྨན་བཅོས་བཅོས་བསྒྱུར་བྱ་བའི་ཆེད་མཁས་པའི་བློ་འདྲི་གྲོས་ཚོགས་བསྡུས།
2019.05.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 11

ཟླ་ལྔ་བའི་ཚེས་བཅུ་བདུན་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་ཕྱོགས་བསྡུས་སྨན་བཅོས་བཅོས་བསྒྱུར་བྱ་བའི་ཆེད་མཁས་པའི་བློ་འདྲི་གྲོས་ཚོགས་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ཡུས་པོ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད་ལས་ནན་གྱིས་བསྟན་དོན། བཅོས་བསྒྱུར་གྱི་གོ་རིམ་ནི་སློབ་སྦྱོང་གི་གོ་རིམ་ཡིན་པས། སློབ་སྦྱོང་འདུ་ཤེས་ཀྱིས་བཅོས་བསྒྱུར་ལ་སྣེ་ཁྲིད་བྱེད་པ་དང་། སློབ་སྦྱོང་གི་ནུས་པས་བཅོས་བསྒྱུར་གྱི་ནུས་པ་ཐག་གཅོད་ཐུབ་ལ། ཆེད་མཁས་པའི་རིག་སྟོབས་ལ་བརྟེན་ནས་བཅོས་བསྒྱུར་ལ་འཆར་འགོད་བྱེད་པ་དང་བཅོས་བསྒྱུར་བྱེད་ཤེས་པ། བཅོས་བསྒྱུར་བྱེད་ཕོད་པར་བྱས་ཏེ། སྨན་བཅོས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བའི་ཁྲོད་མི་དམངས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་དགོས་ཟེར།

གྲོས་ཚོགས་ལ་ཞུགས་པའི་རྒྱལ་ནང་གི་ཆེད་མཁས་པ་མིང་གྲགས་ཅན་ཞུའེ་ཧའེ་ཉིང་དང་ཏེ་ཐོ། ཝང་ཧུའུ་ཧྥུན། ཀྲུའུ་ཀྲོ་ཧྥང་སོགས་ཀྱིས་རྟོག་ཞིབ་གཏིང་ཟབ་དང་དབྱེ་ཞིབ་ནན་མོ་བྱས་པའི་རྨང་གཞིའི་སྟེང་། མཚོ་སྔོན་ཞིང་ཆེན་གྱི་ཕྱོགས་བསྡུས་སྨན་བཅོས་བཅོས་བསྒྱུར་བྱ་བར་ཁས་ལེན་གང་ལེགས་བྱས་པ་དང་། ཁ་གཏད་ཡོད་པའི་སྒོ་ནས་གྲོས་གཞི་བཏོན་ནས། མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་བཅོས་བསྒྱུར་བྱ་བར་སྐུལ་འདེད་བཏང་།

ཝང་ཡུས་པོ་ཡིས་ནན་གྱིས་བསྟན་དོན། སྨན་བཅོས་བཅོས་བསྒྱུར་དེ་གནད་འགག་དུས་སྐབས་སུ་སླེབས་ཡོད་པས། ཉེན་ཁའི་འདུ་ཤེས་དང་འགན་འཁྲིའི་ཁག་ཁུར། ཡར་རྒྱས་བརྩོན་ལེན་གྱི་སྙིང་སྟོབས་ལ་བརྟེན་ནས་སྨན་བཅོས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་དགོས། བཅོས་བསྒྱུར་བྱེད་པར་སློབ་སྦྱོང་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱོགས་བསྡུས་སྨན་བཅོས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བའི་རྣམ་བཤད་གལ་ཆེན་སློབ་སྦྱོང་བྱེད་པ། སྲིད་ཇུས་གཏན་འཁེལ་ལ་ཁྱོན་ཡོངས་ནས་རྒྱུས་ལོན་བྱས་ཏེ། བཅོས་བསྒྱུར་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་མཐོ་རིམ་འཆར་གཞི་བཟང་བོར་འགོད་དགོས། བཅོས་བསྒྱུར་ལ་ཞིབ་འཇུག་བྱས་ནས། མཁོ་འདོན་ཕྱོགས་གཉིས་ནས་ཤུགས་འདོན་པ་རྒྱུན་འཁྱོངས་བྱེད་དགོས་ཟེར།

རྩོམ་སྒྲིག་པ། འབྲུག་མོ།