མཚོ་སྔོན་ཞིང་ཆེན་གྱི་ཕྲུ་གུ་སྐྱོན་ཅན་སྔོན་འགོག་ཚོད་འཛིན་ལས་དོན་བདེ་བླག་ངང་འཕེལ་རྒྱས་འབྱུང་བར་སྐུལ་འདེད་ལེགས་པོ་གཏོང་ཆེད། ཟླ་ལྔ་བའི་ཚེས་ཉེར་གཅིག་ཉིན་མཚོ་སྔོན་ཞིང་ཆེན་ཕྲུ་གུ་སྐྱོན་ཅན་སྔོན་འགོག་དོ་དམ་ལྟེ་གནས་ཞིང་ཆེན་མ་བུ་བདེ་སྲུང་སྨན་ཁང་དུ་བཙུགས།
སྨན་བཅོས་སྒྱུར་བཅོས་ལས་དོན་གཏིང་ཟབ་སྤེལ་བ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་རིན་མི་ལེན་པར་མངལ་མ་ཆགས་གོང་གི་ལེགས་བཙའི་བདེ་ཐང་བརྟག་དཔྱད་བྱེད་པ་དང་། ལོ་མའི་སྐྱུར་རྒྱུ་ཁ་གསབ་བྱས་ནས་དབང་བོ་སྐྱོན་ཅན་སྔོན་འགོག་བྱེད་པ། དབུལ་ཕོངས་ས་ཁུལ་གྱི་ཕྲུ་གུ་དམར་འབྱར་གྱི་ནད་གཞི་བརྟག་དཔྱད་སོགས་སྤྱི་པའི་འཕྲོད་བསྟེན་རྣམ་གྲངས་གལ་ཆེན་ལག་བསྟར་བྱེད་མགོ་ཚུགས་པ་དང་། ཕྲུ་གུ་སྐྱོན་ཅན་འགོག་བཅོས་ཀྱི་སྤྱི་ཚོགས་དྲིལ་བསྒྲགས་དང་བདེ་ཐང་སློབ་གསོ་རྒྱ་ཁྱབ་ངང་སྤེལ་ཏེ། བྱིས་པའི་ལྷན་སྐྱེས་ཀྱི་སྙིང་ནད་སོགས་ཕྲུ་གུ་སྐྱོན་ཅན་གྱི་སྨན་བཅོས་དེ་ནད་ཆེན་གྱི་སྨན་བཅོས་འགན་སྲུང་གྲས་སུ་རིམ་བཞིན་བཞག་ནས། ཕྲུ་གུ་སྐྱོན་ཅན་གྱི་ཕྱོགས་བསྡུས་འགོག་བཅོས་ལ་སྐུལ་འདེད་ཤུགས་ཆེན་བཏང་ཞིང་། ཕྲུ་གུ་སྐྱོན་ཅན་སྐྱེ་ཚད་མངོན་གསལ་གྱི་ཇེ་ཉུང་དུ་སོང་ཡོད། འོན་ཀྱང་སྤྱི་ཡོངས་ནས་བལྟས་ན། ཕྲུ་གུ་སྐྱོན་ཅན་འགོག་བཅོས་ཞབས་ཞུའི་ནུས་པ་དེ་མང་ཚོགས་ཀྱི་ཉིན་རེ་བཞིན་ཇེ་ཆེར་འགྲོ་བཞིན་པའི་སྤུས་ལེགས་བུ་བཙའི་དགོས་མཁོ་དང་སྔར་བཞིན་བར་ཐག་ཆེན་པོ་ལྡན། ན་ནིང་ལོ་མཇུག་ལ་མཚོ་སྔོན་ཞིང་ཆེན་གྱིས《མཚོ་སྔོན་ཞིང་ཆེན་གྱི་ཕྲུ་གུ་སྐྱོན་ཅན་གྱི་ཕྱོགས་བསྡུས་འགོག་བཅོས་ལག་བསྟར་ཇུས་གཞི》བཏོན་ནས་གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་གདལ་དུ་གཏོང་བ་དང་། གཉེན་སྒྲིག་མ་བྱས་གོང་དང་། ཕྲུ་གུ་མ་སྐྱེས་གོང་དང་སྦྲུམ་བཙའི་དུས་རིམ། ཕྲུ་གུ་དམར་འབྱར་དང་བྱིས་པ་བཅས་དུས་མཚམས་ཁག་གི་ཕྲུ་གུ་སྐྱོན་ཅན་འགོག་བཅོས་མ་ལག་བཅས་ལ་ཁྱབ་པར་བྱས་ནས་མང་ཚོགས་ལ་འདྲ་མཉམ་དང་། སྤུས་ལེགས། ཕན་འབྲས་ཆེ་བ་བཅས་ཀྱི་ཕྲུ་གུ་སྐྱོན་ཅན་འགོག་བཅོས་ཞབས་ཞུ་མཁོ་འདོན་བྱེད་པ་དང་། ཕྲུ་གུ་སྐྱོན་ཅན་སྔོན་འགོག་དང་ཇེ་ཉུང་དུ་བཏང་ནས་གསར་སྐྱེས་མི་འབོར་གྱི་བྱང་ཚད་དང་བྱིས་པའི་བདེ་ཐང་ཆུ་ཚད་ཇེ་མཐོར་གཏོང་བར་སྐུལ་འདེད་བྱས།
ཞིང་ཆེན་ཕྲུ་གུ་སྐྱོན་ཅན་འགོག་བཅོས་དོ་དམ་ལྟེ་གནས་བཙུགས་རྗེས། ཆེད་ལས་མཁས་པའི་ཐབས་ཇུས་བློ་འདྲི་དང་ལག་རྩལ་རྒྱབ་སྐྱོར་གྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། ཕྲུ་གུ་སྐྱོན་ཅན་འགོག་བཅོས་མ་ལག་འཛུགས་སྐྱོང་ལ་ཤུགས་བསྣན་ནས་མཚོ་སྔོན་ཞིང་ཆེན་གྱི་ཕྲུ་གུ་སྐྱོན་ཅན་འགོག་བཅོས་ཞབས་ཞུའི་ནུས་པ་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་ཐུབ་པ་དང་། ཞིང་ཆེན་རིམ་པའི་བཙའ་སྔོན་བརྟག་དཔྱད་ལྟེ་གནས་དང་ཕྲུ་གུ་དམར་འབྱར་གྱི་ནད་གཞི་འཚག་བཤེར་ལྟེ་གནས་སོགས་སྒྲིག་གཞི་དང་གཞོགས་འདེགས་བྱེད་པའི་ལས་ཀའི་ལམ་སྲོལ་བཙུགས་ཏེ་དམིགས་ཡུལ་ཡོད་པའི་སྒོ་ནས་སྤུས་ལེགས་བུ་བཙའི་བློ་འདྲིའི་ཞབས་ཞུ་སྤེལ་བ་དང་། ལོ་ན་འཚམ་པའི་ཕྲུ་གུ་སྐྱེ་རྒྱུར་དར་སྤེལ་གཏོང་བ། ཚན་རིག་དང་མཐུན་པའི་སྦྲུམ་གྲབས་ལ་མཛུབ་ཁྲིད་བྱེད་པ། གཉེན་སྒྲིག་མ་བྱས་གོང་གི་བདེ་སྲུང་ལ་ཤུགས་སྣོན་རྒྱག་པ། གཉེན་སྒྲིག་ཐོ་འགོད་ཁྱབ་གདལ་གཏོང་བ་དང་གཉེན་སྒྲིག་མ་བྱས་གོང་གི་གསོ་རིག་ཞིབ་བཤེར་དང་བུ་བཙའི་ཐད་ཀྱི“གཅིག་འཐུས་རྣམ་པའི”ཞབས་ཞུའི་རྣམ་པར་མཛུབ་ཁྲིད་བྱེད་པ་བཅས་ཀྱི་ལས་དོན་སྒྲུབ་རྒྱུ་རེད། །
རྩོམ་སྒྲིག་པ། འབྲུག་མོ།