ཡིད་མུག་པའི་ནད་ལ་ནད་རྟགས་གང་དག་ཡོད་དམ།
2019.05.27 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 30

གཅིག བྱ་བ་གང་ལའང་སྤྲོ་བ་མེད་པ། རྒྱུན་དུ་སྤྲོ་བ་མེད་པ་དང་སེམས་མི་སྐྱིད་པ། ངོ་གནོང་ཞིང་བློ་མི་བདེ་བའི་སྣང་བ་ཡོད་པ་དང་། ཁོང་ཁྲོ་ལངས་པའམ་དོན་དག་ཆུང་ངུའི་དོན་དུ་སེམས་སྡུག་ནས། འཚོ་བར་རེ་ཐག་ཆད་པ་དང་ཁེར་རྐྱང་དུ་ལུས་པའི་སྣང་བ་འབྱུང་བ། རོགས་རམ་མི་ཐོབ་པ། སྡུག་བསྔལ་བ། སེམས་མི་སྐྱིད་པ་སོགས་ཀྱི་སྣང་བ་འབྱུང་ཞིང་། རང་ཉིད་ལ་རིན་ཐང་མེད་པར་འདོད་ནས་སེམས་ཤུགས་ཉམས་པ།

གཉིས། ལུས་ཕུང་མི་བདེ་བ། གཉིད་སྐྱིད་པོ་ཁུག་མིན་དེ་ལུས་སེམས་བདེ་ཐང་ལ་འབྲེལ་བ་དམ་པོ་ཡོད། མི་ལ་ལ་རྒྱུན་དུ་གཉིད་མི་ཁུག་པ་དང་གཉིད་དུས་སད་སྔ་བ་ཞིག་ཡིན་མོད། འོན་ཀྱང་མི་ལ་ལ་ནི་དེ་ལས་ལྡོག་སྟེ། ལུས་སེམས་ངལ་ཐང་ཆད་ནས་གཉིད་ཀྱིས་མི་འདང་བ་དང་། རྣམ་རིག་གསལ་པོ་མིན་པའི་སྣང་ཚུལ་འབྱུང་བ་རེད། ལུས་པོ་ཐང་ཆད་པའམ་ཤེད་ཤུགས་མེད་པར་གྱུར་ཏེ་འགུལ་སྐྱོད་བྱེད་འདོད་མེད་པ་དང་། འགུལ་སྐྱོད་བྱེད་འདོད་མེད་པར་ཡུན་རིང་འགོར་ན་འདོད་པ་མེད་པར་གྱུར་ནས། སྐྱེས་པ་རྣམས་འཁྲིག་སྤྱོད་ལ་སྤྲོ་བ་མེད་པ་དང་། རོ་ཙ་ཉམས་པ། སྐྱེས་མ་རྣམས་ལ་ཟླ་མཚན་རྒྱུན་ལྡན་མིན་པའི་སྣང་ཚུལ་འབྱུང་བར་མ་ཟད། སྐྱུག་མེར་ལངས་པ་དང་རྔུལ་ཆུ་བཞུར་བ། དབུགས་འཚང་བ་སོགས་ཀྱི་ནད་རྟགས་འདྲ་མིན་འབྱུང་བ་རེད།

གསུམ། སྤྱི་ཚོགས་ལ་འབྲེལ་འདྲིས་བྱེད་མི་འདོད་པ། སྒོ་ཕྱི་རུ་འགྲོ་འདོད་མེད་པར་ཁྱིམ་དུ་འཛུལ་ནས་འདུག་འདོད་པ། དེ་ལས་ཚབས་ཆེ་བ་ཞིག་ནི་དྲ་ཡོལ་བརྒྱབ་ནས་མུན་ནག་ནང་འདུག་འདོད་ཆེ་བའམ་སྒོར་འབུད་པར་སྐྲག་སྣང་སྐྱེས་པ། ཁྱིམ་མི་དང་གྲོགས་པོ་སོགས་ཀྱི་ཁ་པར་ལ་ཉན་འདོད་མེད་པའམ་འབྲེལ་བ་བྱེད་འདོད་མེད་པར་མ་ཟད། གྲོགས་མེད་ཁེར་རྐྱང་དུ་ལུས་པའི་བསམ་ཚུལ་འབྱུང་བ་རེད། དེ་ལས་གཞན་གྲོགས་པོ་དང་ཁྱིམ་མི་རྣམས་དང་མཉམ་དུ་སྡོད་དུས་སེམས་མི་བདེ་བའམ་དོན་མེད་དུ་ཁོང་ཁྲོ་ལངས་པ། དོན་དག་ཆུང་ཆུང་ཞིག་གི་ཆེད་དུ་ཁྱིམ་མི་དང་གྲོགས་པོའི་སྟེང་དུ་ཁྲོ་ལངས་པ་དང་། ཁོང་ཁྲོ་ཆེན་པོ་ལངས་ནས་མི་གཞན་ལ་རོགས་རམ་བྱེད་དུ་འཇུག་འདོད་མེད་པ་རེད།

བཞི། སྤྱི་ཚོགས་ཀྱི་ཕན་ནུས་གཞན་དག ཡིད་མུག་པའི་ནད་པ་ཚབས་ཆེན་ཡིན་ན་མལ་ལས་ལངས་འདོད་མེད་པའི་དབང་གིས་སྤྱི་ཚོགས་ཀྱི་ཕན་ནུས་ལ་ཤན་ཤུགས་ཐེབས་སྲིད། དཔེར་ན། སློབ་གྲྭར་འགྲོ་བའི་སློབ་མ་ཞིག་ལ་མཚོན་ན། སྦྱོང་ཚན་ལ་ཤན་ཤུགས་ཐེབས་པ། རྒྱུགས་འབྲས་མི་བཟང་བ། སེམས་ཤུགས་གཅིག་ཏུ་སྒྲིམ་མི་ཐུབ་པ་རེད། ལས་ཚོགས་ལ་འགྲོ་བའི་ལས་བྱེད་པ་ཞིག་ལ་མཚོན་ན། ལས་ཚོགས་ཀྱི་རྗེས་སུ་ལུས་པ་དང་ལས་ཚོགས་གྲོལ་མ་རན་གོང་དུ་ཕྱིར་འགྲོ་བ། ཐ་ན་ལས་ཚོགས་སུ་ཞུགས་པ་རྒྱུན་འཁྱོངས་བྱེད་མི་ཐུབ་པ། ལོ་གཅིག་གི་ནང་དུ་ལས་རིགས་དུ་མ་བརྗེས་ཏེ་བརྟན་འཇགས་ཀྱི་བྱ་བ་ཞིག་རྒྱུན་བསྐྱངས་དཀའ་བ་རེད། བྱ་བའི་ལས་རྐང་དང་སློབ་སྦྱོང་གི་ཁོར་ཡུག་ཁྲོད། རྒྱུན་པར་གློ་བུར་ཁོང་ཁྲོ་ལངས་ནས་ལས་གྲོགས་དང་སློབ་གྲོགས་ཚོར་འགལ་བ་བཟོ་བཞིན་ཡོད།

ཡིད་མུག་པའི་སེམས་ཁམས་ཇི་ལྟར་གསོ་དགོས་སམ།

འགུལ་སྐྱོད་མང་དུ་བྱེད་པ། འགུལ་སྐྱོད་བྱེད་པ་ནི་ཡིད་མུག་པའི་ནད་གསོ་བཅོས་བྱེད་པའི་ཐབས་མཆོག་ཅིག་ཡིན། ལྷག་པར་དབྱང་ལྡན་འགུལ་སྐྱོད་བྱས་ན། ཁྲག་རྒྱུན་འཁོར་སྐྱོད་བྱེད་ཐུབ་པར་མ་ཟད། ད་དུང་ཀླད་པའི་ནང་དུ་དབྱང་དབུགས་འདོན་སྤྲོད་བྱེད་པར་ཕན་པ་ཡོད།

བཟའ་བཏུང་ལ་རོལ་བ། བློ་ཕམ་ཡིད་ཆད་ཀྱི་ཚོར་བ་བྱུང་ན། མངར་ལྡན་ཟས་རིགས་ཟོས་ཏེ་མིའི་ཀླད་པར་འགྱུར་བ་ཅུང་ཙམ་བཏང་ཆོག་མོད། འོན་ཀྱང་མངར་ལྡན་ཟས་རིགས་བཟའ་རྒྱུ་མང་ན་ལུས་ཕུང་བདེ་ཐང་ལ་གནོད་པ་ཐེབས་སྲིད་པས། ང་ཚོས་དུས་རྒྱུན་སྔོ་ཚོད་ཀྱི་རིགས་དང་སྲན་རིགས་མང་དུ་བཟའ་བ་དང་། དུ་ཆང་གཅོད་པ་དང་འཚིག་ཇའི་རིགས་ཀྱི་སྐོམ་ཆུ་ཉུང་འཐུང་བྱེད་དགོས།

སློབ་སྦྱོང་བྱས་ནས་གནོན་ཤུགས་མེད་པར་གཏོང་བ། ཉིན་ཐོ་འབྲི་བར་འབད་པའམ་ཡང་ན་རི་མོ་འབྲི་བ་དང་། གཞས་སྙན་མོར་ཉན་ན་སེམས་ཀྱི་གནོན་ཤུགས་མེད་པར་གཏོང་ཐུབ། །

རྩོམ་སྒྲིག་པ། འབྲུག་མོ།