འཚོ་བའི་ཁྲོད་ལུས་ཕུང་སྦྱོང་བརྡར་བྱེད་པའི་གོམས་སྲོལ་བཟང་པོ་ཆགས་སུ་འཇུག་དགོས།
2019.05.29 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 43

དེང་སྐབས་མི་ཚང་མས་འགུལ་སྐྱོད་ཀྱི་གལ་ཆེན་རང་བཞིན་ཤེས་ཡོད། ཡིན་ནའང་མི་རྣམས་ཀྱིས་རྒྱུན་པར་སྤྲོ་སྣང་ལྡན་པའི་འགུལ་སྐྱོད་གདམ་རྒྱུ་ལས།  འགུལ་སྐྱོད་དེ་རིགས་རང་ཉིད་ལ་འཚམས་མིན་ལ་མི་བལྟ་བ་རེད། དེ་ལྟར་བྱས་ཚེ་འགུལ་སྐྱོད་རང་བཞིན་གྱི་གནོད་འཚེ་ཐེབས་ནས་ཕན་པ་ལས་གནོད་པ་ཆེ། མི་རེ་རེར་འཚམ་པའི་འགུལ་སྐྱོད་ཀྱི་རྣམ་གྲངས་དང་བྱེད་ཐབས། འགུལ་སྐྱོད་ཀྱི་ཚད་བཅས་མི་འདྲ་བས། སྦྱོང་རྡར་མ་བྱས་གོང་རང་ཉིད་ཀྱི་བདེ་ཐང་གནས་ཚུལ་དང་ལུས་ཕུང་གི་དགོས་མཁོ། འགུལ་སྐྱོད་བྱེད་པའི་ཚད་སོགས་ལ་རྒྱུས་ལོན་བྱས་ཏེ་འགུལ་སྐྱོད་བྱེད་ཐབས་གཏན་འཁེལ་བྱེད་དགོས།

རང་ཉིད་ལ་འཚམས་པའི་ཕྱི་རོལ་གྱི་འགུལ་སྐྱོད་གདམ་དགོས།

མགྱོགས་མོར་འགྲོ་བ། ཕྱི་ནས་འགུལ་སྐྱོད་བྱེད་པ་ནི་ལོ་ཚད་མི་འདྲ་བའི་མི་ཚང་མར་འཚམས་པས་འགུལ་སྐྱོད་བྱེད་ཐབས་མཆོག་ཏུ་གྱུར་བ་ཤིག་རེད། མགྱོགས་མོར་འགྲོ་བར་དུས་ཚོད་དང་ས་གནས་ཀྱི་ཚད་བཀག་མེད་པས། འགྲོ་སྟངས་དང་མགྱོགས་དལ། ཤུགས་ཚད་བཅས་ལ་ཚོད་འཛིན་བྱེད་སླ། དེ་བས་ཆེས་བདེ་འཇགས་ཡིན་པའི་ཕྱིའི་འགུལ་སྐྱོད་ཀྱི་རྣམ་པ་ཞིག་ཡིན།།

དལ་མོར་རྒྱུག་པ། དལ་མོར་རྒྱུག་པ་ནི་མིའི་གློ་སྙིང་གི་ནུས་པ་ཇེ་ལེགས་སུ་གཏོང་བའི་སྦྱོང་རྡར་བྱེད་ཐབས་ཡག་པོ་ཤིག་ཡིན་པ་དང་། དལ་མོར་བརྒྱུགས་ན་ལུས་ཡོངས་ཀྱི་མ་ལག་ཚང་མ་འཚར་སྐྱེ་འབྱུང་བ་དང་ལུས་ཟུངས་ཇེ་བཟང་དུ་འགྲོ་བར་སྐུལ་འདེད་ནུས་ལྡན་བྱེད་ཐུབ་པར་མ་ཟད། བློ་བརྟན་འགྱུར་མེད་ཀྱི་འདུ་ཤེས་དང་སྤུས་ཀ་སྦྱོང་རྡར་བྱེད་ཐུབ། དལ་མོར་བརྒྱུགས་ན་མི་རྒན་དར་ཀུན་གྱི་ལུས་སྦྱོང་ཐད་ཕན་འབྲས་སྔར་བས་བཟང་། ཡིན་ནའང་དལ་མོར་མ་བརྒྱུག་གོང་ལུས་ཡོངས་ལ་ཞིབ་བཤེར་བྱས་ནས།བྲེལ་བའི་རང་བཞིན་གྱི་སྙིང་ནད་དམ་འགུལ་སྐྱོད་བྱེད་མི་རུང་བའི་ནད་གཞན་པ་ཡོད་མེད་བརྟག་དཔྱད་བྱེད་དགོས། །

རི་ལ་འགོ་བ། དལ་མོར་རི་ལ་འགོ་བའི་ལུས་སྦྱོང་ནི་ཕྱིའི་འགུལ་སྐྱོད་ཡིན་པས་མི་ལུས་ཀྱི་དབུགས་འབྱིན་རྔུབ་དང་སྙིང་ཁམས་ཁྲག་རྩའི་ནུས་པ་དང་རྐང་པའི་ཤ་གྲིམ་སྦྱོང་རྡར་དང་ལེགས་བསྒྱུར་བྱེད་པར་ཕན་ལ། ཁོག་སྨད་ཀྱི་ལྷུ་ཚིགས་ཀྱི་བདེ་མྱུར་ལ་ཕན་པར་མ་ཟད། སྐེད་པ་དང་རྒྱབ། སྐེ་ཚིགས། ཁོག་སྟོད་ཀྱི་ཤ་གྲིམ། ཚིགས་རྒྱུས་བཅས་ལ་སྦྱོང་རྡར་བཟང་པོ་བྱེད་ཐུབ། ཡིན་ནའང་ལོ་ལོན་དང་མི་ཚོན་པོ་ཅན། པུས་ཚིགས་ཀྱི་ནད་ཡོད་མཁན། སྙིང་ནད་ཡོད་མཁན་བཅས་ཀྱིས་རི་ལ་འགོ་བའི་ལུས་སྦྱོང་བྱེད་ཐབས་འདི་སྤྱོད་མི་རུང་། །

ཆུར་རྐྱལ་བ། ཆུར་རྐྱལ་ན་མིའི་འབྱིན་རྔུབ་མ་ལག་གི་ནུས་པ་ཇེ་མཐོར་གཏོང་ཐུབ། ཆུར་རྐྱལ་བའི་འགུལ་སྐྱོད་ཁྲོད་མི་ལུས་ཀྱིས་ལྗིད་ཚད་ཐེག་མི་དགོས་པར་ཆུ་ཁར་གཡེང་ཡོད་པས། པུས་ཚིགས་ཀྱི་ནད་ཡོད་པའི་མིས་སྦྱོང་རྡར་བྱེད་པར་འཚམས། དེ་མིན་རུས་སོབ་ཀྱི་ནད་བྱུང་ཡོད་མཁན་དང་སྦྲུམ་མར་ཡང་སྦྱོང་རྡར་བྱེད་ཐབས་འདི་ཧ་ཅང་བཟང་།

ཐའེ་ཅི་དྲག་རྩལ། རྒན་པ་རྣམས་ཀྱིས་ཐའེ་ཅི་དྲག་རྩལ་སྦྱངས་ན་ཧ་ཅང་འཚམས། ཐའེ་ཅི་དྲག་རྩལ་སྦྱངས་ན་དབང་རྩའི་མ་ལག་དང་རྒྱུས་པའི་དོ་མཉམ་ནུས་པ་ཇེ་ལེགས་སུ་གཏོང་ཐུབ་པར་མ་ཟད། རུས་པའི་གཏེར་རྒྱུ་དེ་རྒྱུས་པའི་ནང་བསོགས་པར་ཡར་སྐུལ་བྱས་ནས་རུས་སོབ་ནད་འབྱུང་ཚད་ཇེ་དམའ་རུ་གཏོང་ཐུབ།

སྤོ་ལོའི་རིགས། སྤོ་ལོའི་རིགས་མང་ཆེ་ཤོས་ན་གཞོན་ལོ་ཆུང་ལ་འཚམས། སྤོ་ལོའི་རིགས་ཀྱི་འགུལ་སྐྱོད་ལ་རྣམ་གྲངས་མང་པོ་ཡོད་དེ། དཔེར་ན །ལྒང་ལི་དང་རྐང་རྩེད་སྤོ་ལོ། ཕའེ་ཆིའུ་སྤོ་ལོ། ཕིང་ཕང་སྤོ་ལོ། བྱ་སྒྲོའི་སྤོ་ལོ། ཝང་ཆིའུ་སྤོ་ལོ། ཐའེ་ཆིའུ་སྤོ་ལོ། དབྱུག་རྩེད་སྤོ་ལོ། པོ་ལིན་སྤོ་ལོ། ཆུ་རྩེད་སྤོ་ལོ་སོགས་ལྟ་བུ། སྤོ་ལོའི་རིགས་ཀྱི་འགུལ་སྐྱོད་ཀྱིས་མིའི་དབང་རྩའི་མ་ལག་ཇེ་དྲག་ཏུ་བཏང་ནས། ཚོར་སྣང་མགྱོགས་པ་དང་སྐྱེན་པོ་ཡོང་ངེས། སྤོ་ལོའི་རིགས་སྣ་ཚོགས་ཀྱི་འགུལ་སྐྱོད་ཀྱིས་མིའི་མཉམ་འབྲེལ་གྱི་སྙིང་སྟོབས་སྐྱེད་སྲིང་བྱེད་པ་དང་། སྙིང་རུས་ཆེར་བསྐྱེད་དང་བབ་བརླིང་འཕྲལ་ཐག་གཅོད་པར་ཕན་ཐོགས་འབྱུང་ངེས། །

ལྕགས་རྟར་ཞོན་པ། རྒྱུན་པར་ལྕགས་རྟར་ཞོན་ན་སྙིང་ཁམས་ཀྱི་བྱེད་ནུས་སྦྱོང་རྡར་བྱས་ནས་སྙིང་ཤའི་སྐུམ་འཐེན་ནུས་པ་སྔར་བས་བཟང་བ་དང་། ཁྲག་རྩར་སྔར་བས་བརྐྱང་བསྐུམ་རང་བཞིན་ལྡན་པ་དང་། གློ་དབུགས་ཤོངས་ཚད་ཇེ་མང་དུ་སོང་ནས་གློ་སྙིང་གི་ནུས་པ་ཇེ་བཟང་དུ་གཏོང་ཐུབ། ལྕགས་རྟར་ཞོན་ན་ད་དུང་རྐང་པའི་ཤ་གྲིམ་ཀྱི་ནུས་པ་ཇེ་བཟང་ལ་གཏོང་ཐུབ་པ་དང་། པུས་ཚིགས་ལ་གནོད་འཚེ་མི་འབྱུང་བས་མི་ཚོན་པོ་ཅན་དང་པུས་ཚིགས་ཀྱི་འགུལ་སྐྱོད་དེ་འདྲ་མི་བཟང་མཁན་གྱིས་ལྕགས་རྟར་ཞོན་ནས་སྦྱོང་རྡར་བྱས་ན་བཟང་། །

ཐེངས་རེར་ཕྱི་ནས་འགུལ་སྐྱོད་བྱེད་པའི་དུས་ཚོད།

ཐེངས་རེར་ཕྱི་ནས་འགུལ་སྐྱོད་བྱེད་པའི་དུས་ཚོད་ཆེས་ལེགས་པ་ནི་སྐར་མ་ཉི་ཤུ་ནས་དྲུག་ཅུའི་བར་ཡིན་ལ། ཆེས་ཉུང་ནའང་སྐར་མ་ཉི་ཤུ་ནས་སུམ་ཅུའི་བར་སྦྱོང་རྡར་བྱས་ན། སྙིང་ཁམས་ཁྲག་རྩའི་ནུས་པ་སྦྱོང་རྡར་བྱེད་པའི་ཕན་འབྲས་ཅུང་བཟང་།

གཟའ་འཁོར་རེར་ཕྱི་ནས་འགུལ་སྐྱོད་བྱེད་པའི་ཚད།

འགུལ་སྐྱོད་བྱེད་པའི་ཚད་ཞེས་པ་ནི་གཟའ་འཁོར་རེར་འགུལ་སྐྱོད་བྱེད་ཐེངས་ཀྱི་མང་ཉུང་ལ་བཤད་པ་རེད། གཟའ་འཁོར་རེར་ཉུང་མཐར་ཡང་ཐེངས་གསུམ་ནས་ལྔ་ཙམ་ལ་ལུས་རྩལ་སྦྱོང་རྡར་བྱེད་དགོས། ལུས་རྩལ་སྦྱོང་རྡར་བྱེད་པར་རྒྱུན་འཁྱོངས་བྱེད་རྒྱུ་ཧ་ཅང་གལ་ཆེ།

གནས་ཚུལ་ག་འདྲའི་འོག་ལུས་རྩལ་སྦྱོང་རྡར་བྱེད་པར་མི་འཚམ་པ་རེད།

གཅིག ཚ་རྒྱས་ཤིང་མྱུར་བའི་རང་བཞིན་གྱི་ནད་རིགས་ཏེ། དཔེར་ན། དབུགས་ལམ་སྟོད་མའི་གཉན་ཚད་རྒྱས་པའི་ནད་པས་ལུས་རྩལ་སྦྱོང་རྡར་བྱེད་མཚམས་འཇོག་དགོས། ནད་གསོ་བཅོས་བྱས་ཏེ་སངས་དྲག་ཏུ་སོང་རྗེས་ད་གཟོད་ལུས་རྩལ་སྦྱོང་རྡར་བྱས་ན་བཟང་།

གཉིས། སྙིང་ནད་རིགས་སྣ་ཚོགས་ཀྱི་བྲེལ་མྱུར་དུས་རིམ་སྟེ། དཔེར་ན། མྱུར་བའི་རང་བཞིན་གྱི་སྙིང་རྩ་འགགས་པའི་ནད་པས་ལུས་རྩལ་སྦྱོང་རྡར་བྱེད་མི་འོས།

གསུམ། ཟུངས་ཁྲག་ཉམས་པ་ཚབས་ཆེ་བའི་ནད་པ་ལུས་རྩལ་འགུལ་སྐྱོད་ནང་ཞུགས་མི་རུང་།

བཞི། ཁྲག་ཤོར་ཉེན་ཆེ་བའི་ནད་པའི་རིགས་སྟེ། དཔེར་ན། གློ་གཅོང་གི་ནད་བྱུང་ནས་རྒྱུན་དུ་ལུད་པའི་ནང་ཁྲག་འདྲེས་པ་དང་། འཇུ་ལམ་དུ་ཁྲག་བརྡོལ་ནས་ཡུན་རིང་མ་འགོར་བའི་མི་བཅས་ཀྱིས་ལུས་རྩལ་སྦྱོང་རྡར་བྱེད་མི་རུང་། རྒྱུ་མཚན་ནི་ལུས་རྩལ་སྦྱོང་རྡར་བྱེད་སྐབས་ཁྲག་ཤོར་བའི་ཉེན་ཁ་ཆེ།

ལྔ། མངལ་སྦྲུམ་མ་ཐག་པའི་བུད་མེད་རྣམས་ལུས་རྩལ་སྦྱོང་རྡར་ནང་ཞུགས་མི་རུང་།

དྲུག.དལ་བའི་རང་བཞིན་གྱི་ནད་བྱུང་བའི་ནད་པའི་ཁྲོད་ནད་བབ་ཚབས་ཆེ་བ་སྟེ། མ་ལག་དང་དབང་རྩ་གཙོ་བོའི་ནུས་པ་ཉམས་ཡོད་མཁན་ཏེ། དཔེར་ན། དལ་བའི་རང་བཞིན་གྱི་མཁལ་མའི་གཉན་ཚད་བྱུང་བའི་ནད་པའི་མཁལ་མའི་ནུས་པ་ཉམས་པའི་སྐབས་སུ་ལུས་རྩལ་སྦྱོང་རྡར་བྱེད་མི་རུང་བ་ཡིན། །

གོང་གི་ཤེས་བྱ་འདི《མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང》གིས་འདོན་སྤྲོད་བྱས་པ་ཡིན།

ལོ་ཙཱ་བ། འབྲུག་མོ།