མཚོ་སྔོན་ཞིང་ཆེན་གྱིས“འཛམ་གླིང་གི་ཐ་མག་མི་འཐེན་པའི་ཉིན་མོའི”བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ།
2019.05.31 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 27

ཟླ་ལྔ་བའི་ཚེས་སོ་གཅིག་ཉིན་ནི“འཛམ་གླིང་གི་ཐ་མག་མི་འཐེན་པའི་ཉིན་མོ”སྐབས་སོ་གཉིས་པ་ཡིན་པ་དང་། བརྗོད་དོན་གཙོ་བོ་ནི“ཐ་མག་དང་གློ་བའི་བདེ་ཐང”ཞེས་པ་དེ་རེད།  ཟླ་ལྔ་བའི་ཚེས་ཉེར་བརྒྱད་ཉིན་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་གཙོ་གཉེར་བྱས་པ་དང་ན་གོར་མོ་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་རོགས་སྒྲུབ་བྱས་པའི་མཚོ་སྔོན་ཞིང་ཆེན་གྱི་འཛམ་གླིང་ཐ་མག་མི་འཐེན་པའི་ཉིན་མོ་སྐབས་སོ་གཉིས་པ་དང་། བདེ་ཐང་གྲོང་ཁྱེར་འཛུགས་སྐྲུན་གྱི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་ན་གོར་མོ་གྲོང་ཁྱེར་དུ་སྤེལ་བ་རེད།

ཐ་མག་གི་གནོད་འཚེ་ནི་དེང་སྐབས་འཛམ་གླིང་གི་སྤྱི་པའི་འཕྲོད་བསྟེན་གྱི་གནད་དོན་ཚབས་ཆེན་ཞིག་ཡིན་པ་དང་དུས་མཚུངས་སྤྱི་ཚོགས་ཀྱི་གནད་དོན་ཞིག་ཀྱང་རེད། ཐ་མག་འཐེན་པར་ཚོད་འཛིན་བྱེད་པར་འཕྲོད་བསྟེན་སྡེ་ཁག་གིས་འབད་བརྩོན་ལྷོད་མེད་བྱེད་དགོས་ལ་སྤྱི་ཚོགས་ཡོངས་ཀྱིས་ཤེས་རྟོགས་དང་། ཟབ་ཞུགས་དང་རྒྱབ་སྐྱོར་ཀྱང་བྱེད་དགོས། ཉེ་བའི་ལོ་ཤས་རིང་། ཞིང་ཆེན་ཡོངས་ཀྱི་རིམ་པ་ཁག་གི་འཕྲོད་བསྟེན་བདེ་ཐང་སྲིད་འཛིན་སྡེ་ཁག་དང་རྒྱལ་གཅེས་འཕྲོད་བསྟེན་ཨུ་ཡོན་ལྷན་ཚོགས་ཀྱི་ཁོངས་མིའི་ཚན་ཁག་གིས་ཕྱོགས་ཁག་གི་སྟོབས་ཤུགས་སྐུལ་སློང་བྱས་ཏེ་ཐ་མག་གཅོད་པའི་སྒོ་བསྟེན་སྨན་ཁང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཐ་མག་མི་འཐེན་པའི་སྲིད་གཞུང་ལས་ཁུངས་འཛུགས་རྒྱུར་སྐུལ་འདེད་གཏོང་བ། ཁང་པའི་ནང་གི་སྤྱི་པའི་འདུ་གནས་དང་ལས་ཀ་བྱ་ཡུལ་དུ་ཐ་མག་འཐེན་མི་ཆོག་པའི་ལས་དོན་ཧུར་ཐག་གིས་སྤེལ་བ། བདེ་ཐང་ཁྲོམ་ར་དང་བདེ་ཐང་ཟ་ཁང་འཛུགས་པ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་སྤྱད་དེ་ཐ་མག་མི་འཐེན་པའི་ཁོར་ཡུག་བསྐྲུན་ནས་ཐ་མག་མེད་པའི་འཚོ་བ་དར་སྤེལ་བཏང་ཡོད་པ་རེད།

ཐ་མག་གཅོད་པར་ཞབས་ཞུ་བློ་འདྲི་བྱེད་དགོས་ཚེ12320འཕྲོད་བསྟེན་ཐད་སྦྲེལ་ཁ་པར་བརྒྱབ་ན་ཐ་མག་གཅོད་པར་ཞབས་ཞུ་བྱེད་ངེས་ཡིན་པ་དང་། 4008085531དང4008885531ཆེད་ལས་ཐ་མག་གཅོད་པའི་ཐད་སྦྲེལ་ཁ་པར་བརྒྱབ་ཆོག་ཅེས་འཕྲོད་བསྟེན་བདེ་ཐང་སྡེ་ཁག་གིས་དྲན་སྐུལ་བྱས་པ་རེད།  །

རྩོམ་སྒྲིག་པ། འབྲུག་མོ།