ཞིང་ཆེན་རིམ་པའི་གཞུང་གཉེར་སྨན་ཁང་གིས་མཚོ་སྔོན་ལྷོ་རྒྱུད་སྨན་ཁང་ལ་ཁ་གཏད་རོགས་སྐྱོར་བྱས་པ།
2019.06.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 12

ཟླ་ལྔ་བའི་ཚེས་ཉི་ཤུའི་ཉིན། ཞིང་ཆེན་རིམ་པའི་གཞུང་གཉེར་སྨན་ཁང་གིས་མཚོ་སྔོན་ལྷོ་རྒྱུད་ཁུལ་གསུམ་གྱི་ཁུལ་རིམ་པའི་སྨན་ཁང་གི་སྨན་བཅོས་བྱ་བའི་ཐད་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་འགོ་ཚུགས་མཛད་སྒོ་དེ་ཞིང་ཆེན་མི་དམངས་སྨན་ཁང་དུ་སྤེལ་པ་རེད། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ཡེས་པའོ་གྲོས་ཚོགས་ལ་ཞུགས་པ་མ་ཟད། ཞིང་ཆེན་རིམ་པའི་གཞུང་གཉེར་སྨན་ཁང་དགུ་ཡི་སྨན་བཅོས་ཡན་ལག་རུ་དཔུང་ལ་ལས་སྒྲུབ་དར་ཆ་གནང་ནས་གཏམ་བཤད་སྤེལ།

འགོ་ཚུགས་མཛད་སྒོའི་སྟེང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་མི་དམངས་སྨན་ཁང་དང་མཚོ་སྔོན་སློབ་ཆེན་ཁོངས་གཏོགས་སྨན་ཁང་། མཚོ་སྔོན་རྒྱ་གྲམ་དམར་པོའི་སྨན་ཁང་། ཞིང་ཆེན་མི་དམངས་སྨན་ཁང་གསུམ་པ། ཞིང་ཆེན་མི་དམངས་སྨན་ཁང་བཞི་པ། ཞིང་ཆེན་མི་དམངས་སྨན་ཁང་ལྔ་པ། ཞིང་ཆེན་ཀླད་སྙིང་ཁྲག་རྩའི་ནད་ཀྱི་ཆེད་ལས་ཚན་ཁག་སྨན་ཁང་། ཞིང་ཆེན་བུད་མེད་དང་བྱིས་པའི་སྨན་ཁང་། ཞིང་ཆེན་བོད་སྨན་ཁང་བཅས་ཞིང་ཆེན་རིམ་པའི་གཞུང་གཉེར་སྨན་ཁང་དགུ་ཡི་སྨན་བཅོས་ཡན་ལག་རུ་ཁག་ལ་ལས་སྒྲུབ་དར་ཆ་གནང་བ་དང་། དེས་ཞིང་ཆེན་རིམ་པའི་གཞུང་གཉེར་སྨན་ཁང་དག་གིས་མཚོ་སྔོན་ལྷོ་རྒྱུད་ཁུལ་གསུམ་གྱི་ཁུལ་རིམ་པའི་སྨན་ཁང་དག་གི་སྨན་བཅོས་བྱ་བར་ཁ་གཏད་རོགས་སྒྲུབ་བྱེད་པའི་བྱ་བ་དེ་དངོས་སུ་མགོ་ཚུགས་པ་མཚོན་ཡོད།

གསར་འགོད་པས་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཚོགས་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ལྷོ་རྒྱུད་ཁུལ་གསུམ་གྱི་ཁུལ་རིམ་པའི་སྨན་ཁང་གི་སྨན་བཅོས་ཞབས་ཞུའི་ནུས་པ་དེ་སྔར་ལས་ལྷག་པའི་སྒོ་ནས་མཐོར་འདེགས་སུ་གཏོང་པ་དང་ཁུལ་རིམ་པའི་སྨན་ཁང་གིས་རང་གི་ཁྱབ་ཁོངས་སུ་སྨན་བཅོས་ལྟེ་གནས་ཀྱི་ལྡོག་འཕྲོའི་ནུས་པ་མཐོར་འདེགས་སུ་གཏོང་བ། མཚོ་སྔོན་ལྷོ་རྒྱུད་ས་ཁུལ་གྱི་རིགས་སོ་སོའི་མང་ཚོགས་ཀྱི་ཉིན་རེའི་བདེ་ཐང་དགོས་མཁོ་སྔར་ལས་ཆེས་ཆེར་གཏོང་ཆེད། རང་ཞིང་གིས་ཞིང་ཆེན་རིམ་པའི་གཞུང་གཉེར་སྨན་ཁང་གིས་མཚོ་སྔོན་ལྷོ་རྒྱུད་ཁུལ་གསུམ་གྱི་ཁུལ་རིམ་པའི་སྨན་ཁང་གི་སྨན་བཅོས་ཐད་ལ་ཁ་གཏད་རོགས་སྒྲུབ་བྱ་བ་སྒྲུབ་མགོ་ཚུགས་ཡོད། སྨན་བཅོས་ཡན་ལག་གི་རོགས་སྐྱོར་ཟུང་འབྲེལ་བྱས་ཏེ། མཚོ་སྔོན་ལྷོ་རྒྱུད་ཁུལ་གསུམ་གྱི་ཁུལ་རིམ་པའི་སྨན་ཁང་གི་བདག་དོམ་ནུས་པ་མཐོར་འདེགས་སུ་བཏང་ནས་རིག་ཚན་འཛུགས་སྐྲུན་ལ་ཤུགས་སྣོན་སྒོས་ནད་ཐོག་ལག་རྩལ་ཅུང་མཐོ་བའི་རྐང་འཛིན་ཤེས་ལྡན་མི་སྣ་དང་སྨན་ཁང་གི་བདག་དོམ་ཤེས་ལྡན་མི་སྣ་སྐོར་ཞིག་གསབ་སྦྱོང་བྱས་ནས། རྒྱུན་མཐོང་ནད་དང་རྒྱུན་འབྱུང་ནད། ཉེན་ཚབས་ཆེ་བའི་རྨས་སྐྱོན་བཅས་ཀྱི་སྨན་བཅོས་ནུས་པ་མཐོར་འདེགས་སུ་བཏང་སྟེ། སྨན་བཅོས་ཀྱི་སྤུས་ཚད་དང་སྨན་བཅོས་ཀྱི་ལག་རྩལ་ཆུ་ཚད་མཐོར་འདེགས་སུ་བཏང་ཡོད། རོགས་སྐྱོར་སྨན་ཁང་གིས་རོགས་སྐྱོར་བྱ་ཡུལ་སྨན་ཁང་གི་བདག་དོམ་དེ་ཁྲིམས་འཛིན་ཅན་དང་ཚན་རིག་ཅན། སྒྲིག་སྲོལ་ཅན་དུ་བཏང་ཡོད། ཁུལ་རིམ་པའི་སྨན་ཁང་གི་འགྱེད་འཕྲོའི་སྐུལ་འདེད་བྱེད་ནུས་འདོན་སྤེལ་བྱས་ཏེ། ཁུལ་རིམ་པའི་སྨན་ཁང་གི་ཆེད་ལས་ཚན་ཁག་གི་ནུས་པའི་འཛུགས་སྐྲུན་དེ་གནད་དུ་ཁེལ་བར་བྱས་ཡོད།

རྩོམ་སྒྲིག་པ། འབྲུག་མོ།