བོད་ལུགས་གསོ་རིག་དང་བོད་སྨན་ཞབས་ཞུའི་དམངས་འཚོའི་ལས་དོན་དངོས་འབེབས་བྱེད་པའི་བཞུགས་མོལ་ཚོགས་འདུ་ཟི་ལིང་དུ་བསྡུས།
2019.06.14 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 19

ཟླ་དྲུག་པའི་ཚེས་བཅུ་གསུམ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་བོད་ལུགས་གསོ་རིག་དང་བོད་སྨན་གྱིས་དམངས་འཚོར་ཞབས་འདེགས་ཞུ་བའི་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། ཞིང་ཆེན་ཡོངས་ཀྱི་བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་འཕེལ་རྒྱས་ཀྱི་ད་ལྟའི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་ཚང་མའི་བསམ་འཆར་ལ་ཉན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་མགོན་པོ་བཀྲ་ཤིས་ཚོགས་འདུར་ཞུགས་པ་དང་གཏམ་བཤད།  ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་དང་ཞིང་ཆེན་ཡོངས་ཀྱི་བོད་(སོག)སྨན་ཁང་དང་བོད་སྨན་ཁེ་ལས་ཀྱི་འཐུས་མི་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

མགོན་པོ་བཀྲ་ཤིས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་རང་ཞིང་གི་བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་འཕེལ་རྒྱས་གཏོང་རྒྱུར་མཐོང་ཆེན་བྱས་ནས་བོད་ལུགས་གསོ་རིག་དང་བོད་སྨན་འཕེལ་རྒྱས་གཏོང་རྒྱུ་དེ་སྨན་བཅོས་འཕྲོད་བསྟེན་བྱ་གཞག་གི་གཙོ་གནད་དང་། མི་རིགས་ས་ཁུལ་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བའི་ཁྱད་ལྡན་ལེགས་ཆའི་ཐོན་ལས་ཤིག་ཏུ་བརྩིས་ནས་རྒྱབ་སྐྱོར་ཆེན་པོ་བྱེད་བཞིན་ཡོད་པ་དང་ཞིང་ཆེན་ཡོངས་ཀྱི་བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་ཕྱོགས་ཡོངས་ནས་འཕེལ་རྒྱས་བྱུང་ཡོད་ཟེར།

མགོན་པོ་བཀྲ་ཤིས་ཀྱིས་མཚོ་སྔོན་གྱི་བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་འཕེལ་རྒྱས་ཡག་པོ་གཏོང་རྒྱུ་ནི“བདེ་ཐང་མཚོ་སྔོན”གྱི་དགོས་མཁོ་ཞིག་ཡིན་ལ་དཔལ་འབྱོར་འཕེལ་རྒྱས་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་ཡར་ཐོན་བཅས་ལ་སྐུལ་འདེད་གཏོང་བའི་དགོས་མཁོ་ཞིག་ཀྱང་ཡིན། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུས་ཀྲུང་ལུགས་དང་བོད་ལུགས་གསོ་རིག བོད་སྨན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱ་ཐབས་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཏེ་སྲིད་གཞུང་དང་སྨན་ཁང་། ཁེ་ལས་བར་གྱི་འབྲེལ་གཏུག་མཐུན་སྦྱོར་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ནས་བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་འཕེལ་རྒྱས་ཀྱི་ཡིད་ཆེས་ཆེ་རུ་གཏོང་དགོས་པ་དང་། འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱེད་པ་དང་། གསར་གཏོད་ནུས་པ་ཆེ་རུ་གཏོང་བ། ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས་བཅས་བྱས་ཏེ་ཁྲོམ་ར་ཅན་དང་། དེང་རབས་ཅན། ཐོན་ལས་ཅན། ཆ་འཕྲིན་ཅན་བཅས་ཀྱི་བོད་ལུགས་གསོ་རིག་དང་བོད་སྨན་འཕེལ་རྒྱས་ཀྱི་ལམ་བུའི་སྟེང་བསྐྱོད་དགོས་པ་མ་ཟད། དམངས་འཚོར་ཞབས་འདེགས་ཞུ་རྒྱུར་དམིགས་ཏེ། མི་དམངས་ལྟེ་བར་འཛིན་པའི་བསམ་བློ་མཐའ་འཁྱོངས་བྱེད་པ་དང་། བོད་ལུགས་གསོ་རིག་གི་སྨན་བཅོས་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། མི་རིགས་སོ་སོའི་མང་ཚོགས་ཀྱི་བདེ་སྐྱིད་ཀྱི་འཚོ་བ་མཐོར་འདེགས་སུ་གཏོང་བ་བཅས་བྱས་ནས་མཚོ་སྔོན་ཞིང་ཆེན་གྱི་བོད་ལུགས་གསོ་རིག་བྱ་གཞག་གི་སྤུས་ཚད་ཇེ་མཐོར་གཏོང་བར་འབད་པ་བྱེད་དགོས་ཞེས་བསྟན།    །

རྩོམ་སྒྲིག་པ། འབྲུག་མོ།