རང་ཉིད་ཀྱི་སེམས་ཁམས་ལ་ཇི་ལྟར་དོ་དམ་བྱེད་དགོས།
2019.06.21 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 59

རང་ཉིད་ཀྱི་སེམས་ཁམས་ལ་བརྟག་དཔྱད་བྱེད་པ། ང་ཚོས་རྒྱུན་པར་རང་གིས་རང་ལ་སེམས་ཁམས་བདེ་ཐང་ཡིན་མིན་ཐད་ནས་གསལ་འདེབས་བྱེད་དགོས། མི་ལ་ལས་རང་ལ་ལྡོག་ཕྱོགས་ཀྱི་སེམས་ཁམས་ཤིག་ཡོད་པར་བསམ་བློ་གཏོང་གིན་མེད། ང་ཚོས་ཤེས་དགོས་པ་ཞིག་ནི། མིའི་སེམས་ཁམས་ལ་སྐྱིད་པའི་དུས་ཤིག་དང་མི་སྐྱིད་པའི་དུས་ཤིག་ཡོད་པས། གནོན་ཤུགས་ལྡན་པའི་སེམས་ཁམས་ཀྱིས་ང་ཚོར་མཇུག་འབྲས་མི་ལེགས་པ་སྟེར་གྱིན་ཡོད། དེའི་ཕྱིར། རང་ཉིད་ཀྱི་སེམས་ཁམས་ལ་བརྟག་དཔྱད་བྱ་རྒྱུ་ནི་གཙོ་བོ་ཡིན་ལ། སེམས་ཁམས་དོ་དམ་བྱེད་པའི་གོམ་པ་དང་པོའང་ཡིན།

རང་གི་བསམ་ཚུལ་འོས་འཚམ་གྱིས་མཚོན་པར་བྱེད་པ། དཔེར་ན། གྲོགས་པོ་དང་ལྷན་དུ་དུས་ཆད་གཏོང་བའི་སྐབས་སུ། གྲོགས་པོ་དུས་ལྟར་མ་ཐོན་པའི་གནས་ཚུལ་འོག ཁྱོད་ཀྱིས་ཁོ་ལ་ཁྱོད་རང་དུས་ཆད་ལྟར་མ་ཐོན་པས། ངས་ལམ་བར་ནས་ཁྱོད་ལ་དོན་དག་འདྲ་བྱུང་སོང་བ་ཨེ་ཡིན་སྙམ་བྱུང་ཞེས་བཤད་དེ་སེམས་ཁུར་བྱེད་ཀྱིན་པ་ཁོ་ལ་ཤེས་སུ་བཅུག་ན། ཕ་རོལ་པོའི་སེམས་སུ་ཁོ་རང་དུས་ཚོད་ལྟར་མ་ཐོན་པ་དེས་ཁྱོད་ལ་བྱིན་པའི་ཚོར་སྣང་ཤེས་སྲིད། གལ་ཏེ་ཁྱོད་ཀྱིས་ཁོ་ལ་ཁྱོད་ཐེངས་རེ་རེར་རྗེས་སུ་ལུས་པས། ངའི་དོན་དག་ལ་འདང་རྒྱག་གིན་ཨེ་ཡོད་བཅས་མི་དགའ་བའི་བསམ་ཚུལ་བསྟན་ན། ཕ་རོལ་པོའི་སེམས་ཁམས་ཀྱང་སྐྱིད་པོ་མི་ཡོང་བ་རེད། བསམ་ཚུལ་ཡག་པོ་བརྗོད་པར་ཐབས་དང་ཤེས་རབ་ལྡན་དགོས་པ་ནི་གལ་ཆེན་ཡིན།

བྱེད་ཐབས་འོས་འཚམ་ལ་བརྟེན་ནས་སེམས་ཁམས་གསོ་བ། སེམས་ཁམས་ལ་གསོ་ཐབས་སྣ་མང་ཡོད་དེ། མི་ལ་ལར་སེམས་ཁམས་མི་སྐྱིད་པའི་སྣང་བ་བྱུང་ཚེ་སྡུག་བསྔལ་ཆེན་པོ་ཡོད་པ་དང་། ལ་ལས་གྲོགས་པོ་བཙལ་ནས་ཁ་བརྡ་བྱེད་པའམ་ཡང་ན་རྒྱ་སྲང་མྱུལ་བ། གཞས་ལ་ཉན་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་སེམས་ཁམས་སྐྱིད་པོར་གཏོང་གིན་ཡོད། དེ་ལས་ཀྱང་མི་ལེགས་པ་ཞིག་ནི་ཆང་འཐུང་བའམ་རླངས་འཁོར་སྐོར་ནས་སྨྱོན་པའི་ཚུལ་འཛིན་པ་དེ་རེད།

འདིར་གྲོགས་པོ་ཡོངས་ལ་གསལ་འདེབས་བྱ་རྒྱུ་ཞིག་ནི། སེམས་ཁམས་གསོ་བའི་དམིགས་ཡུལ་ནི་རང་ཉིད་ཀྱི་དྲན་ཚུལ་ལ་དབྱེ་ཞིབ་བྱེད་པའི་གོ་སྐབས་ཤིག་ཡིན་པས། རང་ཉིད་ཀྱི་མ་འོངས་པར་བསམ་བློ་བཏང་ནས་སེམས་ཁམས་སྐྱིད་པོར་གཏོང་དགོས། གལ་ཏེ་ཁྱོད་ཀྱི་སེམས་ཁམས་གསོ་བའི་བྱེད་སྟངས་དེ་གནས་སྐབས་ཙམ་གྱི་སྡུག་བསྔལ་ལ་གཡོལ་བ་ཡིན་ཚེ། རྗེས་མར་ཡང་སྡུག་བསྔལ་མི་ཉུང་བ་དང་འཕྲད་ངེས་པས། དེ་ནི་སེམས་ཁམས་གསོ་སྟངས་ལེགས་པོ་ཞིག་མིན། སེམས་ཁམས་མི་བདེ་བའི་སྣང་བ་བྱུང་ཚེ། ང་ཚོས་སྤོབས་པ་ཆེན་པོས་སྡུག་བསྔལ་དང་ན་ཟུག་ལ་གདོང་གཏད་ནས་བསམ་བློ་ཞིབ་མོར་གཏོང་བའམ། ཡང་ན་མི་སྐྱིད་པ་དང་ཁོང་ཁྲོ་ལངས་པའི་རྒྱུ་རྐྱེན་བཙལ་ནས། ཇི་ལྟར་བསྒྲུབས་ན་རང་ཉིད་ལ་སྤྲོ་བ་བསྐྱེད་པ་དང་། ཇི་ལྟར་གནོད་སེམས་དང་མི་སྐྱིད་པའི་སྣང་བ་ཇེ་ཉུང་དུ་གཏོང་བར་འབད་ན། རང་ཉིད་ཀྱི་སེམས་ཁམས་སྐྱིད་པོ་ཡོང་བར་མ་ཟད། བྱ་བ་གང་ལ་ཞུགས་རུང་འབད་པའི་སྟོབས་ཤུགས་ཡོད་ལ། གཞན་གྱིས་གདེང་འཇོག་ཀྱང་ཐོབ་པ་རེད། དེ་བས་ང་ཚོས་སེམས་ཁམས་ལ་ཚོད་འཛིན་བྱེད་པ་ལས་སེམས་ཁམས་ཀྱིས་ང་ཚོར་ཚོད་འཛིན་བྱེད་པ་ལོབས་སུ་འཇུག་མི་རུང་། །

རྩོམ་སྒྲིག་པ། འབྲུག་མོ།