གཅིན་སྙིའི་ནད་དང་འབྲེལ་བའི་ཤེས་བྱ།
2019.06.24 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 62

གཅིག གཅིན་སྙིའི་ནད་ནི་རྒྱུ་རྐྱེན་མང་པོ་ལས་བྱུང་བའི་བརྗེ་ཚབ་ཀྱི་ནད་ཅིག་ཡིན། དེའི་ཁྱད་ཆོས་ནི་ཁྲག་གི་མངར་ཆ་མཐོ་བ་དེ་ཡིན་ལ། དེ་ནི་ལུས་ལ་རྨེན་གཤེར་གྱིས་མ་འདང་བ་ལས་བསྐྱེད་པ་ཡིན། དེའི་ནད་རྟགས་ནི་གཅིན་མང་བ་དང་། བཏུང་བ་མང་བ། ཟས་མང་བ་སྟེ་མང་བ་གསུམ་དང་། ལུས་སྟོབས་ཉམས་པ་སྟེ་ཉུང་བ་གཅིག་གོ །

གཉིས། མིག་སྔར་རང་རྒྱལ་དུ་གཅིན་སྙིའི་ནད་པ་བྱེ་བ་དགུ་དང་ས་ཡ་གཉིས་འབུམ་བཞི་ཙམ་དང་། གཅིན་སྙིའི་ནད་འབྱུང་བའི་སྔ་ལྟས་ཡོད་པའི་ནད་པ་དུང་ཕྱུར་གཅིག་དང་བྱེ་བ་བཞི་ས་ཡ་བརྒྱད་ཡོད། གཅིན་སྙིའི་ནད་བྱུང་ཚད་བརྒྱ་ཆའི་དགུ་དང་གྲངས་ཆུང་བདུན་ལ་སླེབས་ཡོད་དེ། མི་དར་མ་བཅུའི་ནང་དུ་གཅིན་སྙིའི་ནད་པ་གཅིག་ཡོད་པ་རེད།

གསུམ། གཅིན་སྙིའི་ནད་ལ་རིགས་གཉིས་ཡོད་ཅིང་། རང་རྒྱལ་དུ་གཅིན་སྙིའི་ནད་རིགས་གཉིས་པ་མང་སྟེ་བརྒྱ་ཆའི་གོ་གསུམ་དང་གྲངས་ཆུང་བདུན་ཟིན། དེ་ཡང་གཙོ་བོ་ཟས་ཀྱི་འགྱུར་ལྡོག་དང་ལུས་པོའི་རྩོལ་བ་ཇེ་ཉུང་དུ་སོང་བར་འབྲེལ་བ་ཡོད་དེ། ལོ་ཇི་ལྟར་ཆེ་ན་ནད་བྱུང་ཚད་ཀྱང་དེ་ལྟར་མཐོ།

བཞི། རང་ལོ་ཞེ་ལྔའམ་དེ་ལས་ཆེ་བ་དང་ཁྲག་ཤེད་མཐོ་བ། ཁྲག་ཚིལ་རྒྱུན་ལྡན་མིན་པ། སྙིང་དང་ཁྲག་རྩའི་ནད་ཡོད་པ། ལུས་ཕུང་ཚོ་དྲགས་པ། ཁྱིམ་རྒྱུད་ཀྱི་ནད་ཡོད་པ། ཕྲུ་གུ་ ཆེན་པོ(སྐྱེ་དུས་རྒྱ་མ་བརྒྱད་དང་བརྒྱད་ལས་བརྒལ་བ)བཙས་མྱོང་བ། སྦྲུམ་མའི་གཅིན་སྙིའི་ནད་བྱུང་མྱོང་བ། ཙོག་ནས་འདུག་ཡུན་རིང་བ་བཅས་ཀྱི་མི་དག་ནི་གཅིན་སྙིའི་ནད་འབྱུང་ཉེན་ཆེ་བའི་རིགས་ཡིན།

ལྔ། གཅིན་སྙིའི་ནད་གསོ་བཅོས་བྱེད་པ་ལ་ཁྲག་གི་མངར་ཆ་ལ་ཚོད་འཛིན་བྱེད་རྒྱུ་ནི་གནད་འགག་ཅིག་ཡིན། ཚོད་འཛིན་ལེགས་པོ་མ་བྱས་ན་མཇུག་འབྲས་ཚབས་ཆེན་འབྱུང་ལ། དེའི་བླ་གཉན་དུ་བསྡོངས་པའི་ནད་ནི་ནད་པ་དབང་བོ་སྐྱོན་ཅན་དང་ཡང་ན་ནད་པའི་ཚེ་སྲོག་འཕྲོག་པའི་རྒྱུ་རྐྱེན་གཙོ་བོ་ཡིན།

དྲུག གཅིན་སྙིའི་ནད་ཀྱི་བླ་གཉན་དུ་བསྡོངས་པའི་ནད་ལ་གཙོ་བོ་གཅིན་སྙིའི་མཁལ་ནད་དང་མིག་གི་དྲ་སྐྱིའི་ནད། གཅིན་སྙི་དང་བསྡོངས་པའི་རྐང་པ་དང་དབང་རྩ་དང་སྙིང་རྩ་བཅས་ཀྱི་ནད་འགྱུར་སོགས་ཡོད།

བདུན། གཅིན་སྙིའི་ནད་ནི་ཚེ་འགྲོགས་ཀྱི་ནད་ཅིག་ཡིན། དུས་ཐོག་ཏུ་སྨན་བཅོས་བྱེད་པ་དང་གསོ་བཅོས་ཚད་ལྡན་བྱེད་པ། སྨན་ལུགས་མཐུན་དུ་བསྟེན་པ། བླ་གཉན་འགོག་བཅོས་བྱེད་པ་བཅས་ཀྱིས་འཚོ་བ་ཇེ་ལེགས་སུ་གཏོང་ཐབས་བྱེད་དགོས།

བརྒྱད། ཁྲག་གི་མངར་ཆ་ལ་རྒྱུན་པར་བརྟག་དཔྱད་བྱེད་དགོས། དུས་ངེས་ཅན་གྱི་ནང་དུ་མངར་འགྱུར་ཁྲག་སྤྲི(HbAlc)ལ་བརྟག་སྟེ། ཁྲག་གི་མངར་ཆ་ཚད་གཞིར་ཐོན་པར་བྱེད་དགོས།

དགུ། གཅིན་སྙིའི་ནད་ཀྱི་གསོ་བཅོས་ལ་ཁྲག་གི་མངར་ཆ་ཚད་གཞིར་ཐོན་པར་བྱེད་དགོས་པར་མ་ཟད། ཁྲག་ཚིལ་དང་ཁྲག་ཤེད་ཀྱང་རྒྱུན་ལྡན་ནམ་རྒྱུན་ལྡན་ལ་ཉེ་བ་བྱེད་དགོས།

བཅུ། བདེ་ཐང་གི་ཟས་སྤྱོད་རྒྱུན་འཁྱོངས་བྱེད་དགོས་པ་སྟེ། ཐ་མག་གཅོད་པ་དང་བཟའ་བཏུང་ལུགས་མཐུན་དུ་བསྟེན་པ། སྦྱོང་རྡར་ལ་ཤུགས་སྣོན་པ། ལུས་ཀྱི་ལྗིད་ཚད་ལ་ཚོད་འཛིན་བྱེད་པ། སིལ་ཏོག་དང་སྔོ་ཚལ་མང་དུ་བསྟེན་པ། ཚྭ་དང་སྣུམ་དང་མངར་ཆའི་སྡུད་ལེན་བྱེད་ཚད་ཇེ་ཉུང་དུ་གཏོང་བ། གཅིན་སྙིའི་ནད་ལ་རང་ཉིད་ཀྱིས་བདག་སྐྱོང་བྱེད་ཤེས་དགོས་པ་སོགས་སོ། །

གཅིན་སྙིའི་ནད་དང་འབྲེལ་བའི་འཁྲུལ་སོ།།

འཁྲུལ་སོ་དང་པོ། གཅིན་སྙིའི་ནད་ནི་གཙོ་བོ་ཀ་ར་དང་མངར་ཟས་བསྟེན་དྲགས་པ་ལས་བསྐྱེད་པ་ཡིན་པར་འདོད་པ།  དོན་གྱིས་གཅིན་སྙིའི་ནད་ནི་རྒྱུད་པ་དང་ཁོར་ཡུག་གི་རྒྱུ་རྐྱེན་སོགས་དུས་ཡུན་རིང་བོར་བསགས་པ་ལས་བསྐྱེད་པའི་ལུས་ཡོངས་ཀྱི་བརྗེ་ཚབ་རང་བཞིན་གྱི་ནད་ཅིག་ཡིན། གཅིན་སྙིའི་ནད་ཀྱི་རྒྱུ་རྐྱེན་གཙོ་བོ་ལ་རྒྱུད་པ་དང་།  དྲོད་བཅུད་ཆེ་བའི་བཟའ་བཏུང་བསྟེན་པ། ལུས་པོའི་རྩོལ་བ་ཉུང་བ། ལུས་རྒྱགས་པ། ལོ་རྒས་པ། སེམས་ཁུར་ཆེ་བ་སོགས་ཡོད།

འཁྲུལ་སོ་གཉིས་པ། གཅིན་སྙིའི་ནད་ནི་རྒན་དར་གྱི་ནད་ཅིག་ཡིན་པ་ལས་གཞོན་པ་རྣམས་ལ་གཅིན་སྙིའི་ནད་འབྱུང་མི་སྲིད་པར་འདོད་པ། ད་སྐབས་གཞོན་པ་ལ་ཡང་གཅིན་སྙིའི་ནད་འབྱུང་བཞིན་ཡོད། གཞོན་པ་རྣམས་ཀྱིས་ཀྱང་བདེ་ཐང་གི་ཟས་སྤྱོད་བསྟེན་ཐབས་ལ་འབད་དེ་གཅིན་སྙིའི་ནད་སྔོན་འགོག་བྱེད་པར་གཙིགས་མཐོང་བྱེད་དགོས། དུས་ངེས་ཅན་གྱི་ནང་དུ་ལུས་ཕུང་བརྟག་དཔྱད་བྱས་ན་གཅིན་སྙིའི་ནད་སྔ་མོ་ནས་ངོས་འཛིན་པ་དང་གསོ་བཅོས་བྱེད་པར་གྲོགས་སུ་འགྲོ །

འཁྲུལ་སོ་གསུམ་པ། གཅིན་སྙིའི་ནད་ལ་སྨན་བསྟེན་པས་ཆོག་པར་འདོད་པ། གཅིན་སྙིའི་ནད་ལ་སྨན་ཁོ་ན་བསྟེན་པས་མི་ཆོག་པར་ཕྱོགས་ཡོངས་ནས་གསོ་བཅོས་བྱེད་དགོས་ཏེ། བཟའ་བཏུང་ཚོད་འཛིན་པ་དང་སེམས་ཁམས་དོ་མཉམ་ཡོང་བར་བྱེད་པ། ལུགས་མཐུན་གྱི་སྦྱོང་རྡར་བྱེད་པ་དང་ཚན་རིག་དང་མཐུན་པའི་བརྟག་དཔྱད་བྱེད་པ་སོགས་ལྟ་བུའོ། །

འཁྲུལ་སོ་བཞི་པ། གཅིན་སྙིའི་ནད་ཀྱི་བཟའ་བཏུང་གི་གསོ་བཅོས་ནི་གཙོ་བོ་མངར་ཆའམ་ཕྱེ་དང་འབྲས་སོགས་ཟས་གཙོ་བོའི་སྡུད་ལེན་ལ་ཚོད་འཛིན་བྱེད་པ་དེ་ཡིན་པར་འདོད་པ། དེ་ནི་ནོར་འཁྲུལ་ཞིག་ཡིན་ཏེ། གཅིན་སྙིའི་ནད་ཀྱི་བཟའ་བཏུང་གི་གསོ་གཅོས་ནི་གཙོ་བོ་ཉིན་རེའི་དྲོད་བཅུད་འཇུ་ལེན་བྱེད་ཚད་ཀྱི་སྤྱི་སྡོམ་ལ་ཚོད་འཛིན་བྱེད་པ་དེ་ཡིན།

འཁྲུལ་སོ་ལྔ་པ། ཁྲག་གི་མངར་ཆ་ཇི་ལྟར་དམའ་ན་དེ་ལྟར་བཟང་བར་འདོད་པ། དོན་གྱིས་ཁྲག་གི་མངར་ཆ་ནི་ཚད་ངེས་ཅན་ཞིག་ཏུ་ཚོད་འཛིན་བྱེད་པ་ལས། མཐོ་དྲགས་པ་དང་དམའ་ཆེ་བ་གང་ཡང་མི་རུང་། ཁྲག་གི་མངར་ཆ་ལ་ཚོད་འཛིན་བྱས་པ་བཟང་ན་གཅིན་སྙིའི་ནད་ལ་བླ་གཉན་བསྡོངས་པར་བཀག་འགོག་བྱེད་ཐུབ་ལ། ཁྲག་གི་མངར་ཆ་དམའ་དྲགས་ན་མངར་ཉུང་ཁྲག་ནད་བསྐྱེད་པ་ཡིན།

འཁྲུལ་སོ་དྲུག་པ། གཅིན་སྙིའི་ནད་ཀྱི་བརྟག་དཔྱད་ལ་ཁྲག་གི་མངར་ཆར་བརྟག་པས་ཆོག་པར་འདོད་པ། དོན་དངོས་སུ་གཅིན་སྙིའི་ནད་ཀྱི་ཁྲག་གི་མངར་ཆ་ཚོད་འཛིན་བྱས་པ་བཟང་མིན་ལ་བརྟག་པར་བརྟག་བྱ་གཙོ་བོ་གཉིས་ཡོད་དེ། ཁྲག་གི་མངར་ཆ་དང་མངར་འགྱུར་ཁྲག་སྤྲི་དམར་པོའོ། ། མངར་འགྱུར་ཁྲག་སྤྲི་དམར་པོ་ནི་ཁྲག་གི་མངར་ཆ་ལ་དུས་ཡུན་རིང་བོར་ཚོད་འཛིན་ཐུབ་ཡོད་མེད་ཀྱི་དཔྱད་གཞི་ཆེས་གལ་ཆེ་བ་དེ་ཡིན།

འཁྲུལ་སོ་བདུན་པ། གཅིན་སྙིའི་ནད་ཡིན་པར་ངོས་འཛིན་ཐོབ་ཀྱང་། གལ་ཏེ་ལུས་ལ་མི་བདེ་བའི་ཚོར་བ་མེད་ན་བརྟག་དཔྱད་དང་གསོ་བཅོས་མ་བྱས་ཀྱང་ཆོག་པར་འདོད་པ། དོན་གྱིས་གཅིན་སྙིའི་ནད་ལ་དུས་ཐོག་སྔ་ཐོག་ཏུ་བརྟག་དཔྱད་གསོ་བཅོས་ལེགས་པར་བསྟེན་པ་ནི་གནད་ཀྱི་དོན་རྩ་ཡིན།

འཁྲུལ་སོ་བརྒྱད་པ། ཁྲག་གི་མངར་ཆ་རྒྱུན་ལྡན་གྱི་ཚད་དང་མཐུན་པར་བྱེད་ཐུབ་ན་ཁྲག་མངར་བརྟག་དཔྱད་དང་སྨན་བསྟེན་གསོ་བཅོས་ནི་དགོས་དོན་མེད་པར་འདོད་པ། གཅིན་སྙིའི་ནད་ལ་མིག་སྔར་སངས་དྲག་ཏུ་གཏོང་བའི་གསོ་བཅོས་བྱེད་ཐབས་ལེགས་པོ་ཞིག་མེད་པས་ཡུན་རིང་དུ་གསོ་བཅོས་བྱས་ནས་ནད་བབ་ཚོད་འཛིན་བྱེད་དགོས་པ་ཡིན། །

ལོ་ཙཱ་བ། འབྲུག་མོ།