འགལ་བ་ཅི་ལྟར་ཐག་གཅོད་བྱེད་དགོས།
2019.06.28 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 22

ང་ཚོའི་འཚོ་བའི་ཁྲོད་དུ་རྒྱུན་པར་འགལ་བ་མི་ཉུང་བ་ཞིག་ཡོད་དེ། དཔེར་ན་བཟའ་ཚང་མི་མཐུན་པ། ཁྱིམ་མཚེས་མི་འགྲིག་པ་དང་ལས་གྲོགས་མི་འཆམ་པ་སོགས་ལྟ་བུ། སྐབས་དེར་ང་ཚོས་སེམས་ལྷོད་ལ་འབབ་པའམ་བྱེད་ཐབས་ཡག་ཤོས་ཀྱིས་མེ་ལྟར་ཚ་བའི་ཁོང་ཁྲོ་ཞི་བར་འབད་པ་བྱེད་དགོས། མེ་ལྟར་ཚ་བའི་ཁོང་ཁྲོ་ཞི་འཇགས་སུ་གཏོང་བར་བྱེད་ཐབས་སྣ་མང་ཡོད། འདིར་བཤད་པའི་སེམས་ལྷོད་ལ་འབབ་པའམ་བྱེད་ཐབས་ཡག་ཤོས་ནི་ཁོང་ཁྲོ་ཞི་བར་གཏོང་བྱེད་དམ་གནད་དོན་ཐག་གཅོད་བྱེད་ཐབས་ཁོ་ན་ཙམ་མ་ཡིན་པར། ཞོར་དུ་ད་དུང་ཁམས་གསོའི་ཐབས་ལམ་ཞིག་ཀྱང་རེད།

སེམས་ཁམས་རིག་པ་བས་བསྟན་པ་ལྟར་ན། བཟོད་པ་སྒོམ་པ་ནི་མི་དང་མིའི་བར་གྱི་འབྲེལ་བ་ཇེ་ལེགས་སུ་གཏོང་བ་དང་ལུས་སེམས་བདེ་ཐང་ཡོང་བར་ཕན་པ་ཡོད་ལ། དེས་གནས་ཚུལ་རྒྱ་བསྐྱེད་པ་དང་འགལ་བ་ཛ་དྲག་ཏུ་འགྱུར་བ་སྔོན་འགོག་བཟང་པོ་བྱེད་ཐུབ་པར་མ་ཟད། མཇུག་འབྲས་ཚབས་ཆེན་འབྱུང་བར་ཡང་གཡོལ་ཐུབ། དོན་དངོས་མང་པོས་ར་སྤྲོད་བྱས་པ་ལྟར་ན། གཞན་ལ་བཟོད་པ་མ་སྒོམ་ན་རང་སྟེང་ལའང་གནོད་འཚེ་ཕོག་ཡོང་སྟེ། མི་གཞན་དང་རང་ཉིད་ལ་ཚད་འདས་ཀྱི་བླང་བྱ་ནན་མོ་འདོན་པའི་མི་ནི། ངེས་པར་ཡུན་རིང་འཚབ་འཚུབ་ཀྱི་སེམས་ཁམས་རྣམ་པ་ཞིག་ཏུ་གནས་ཡོད་པས། རང་ཉིད་ཀྱི་བདེ་ཐང་ལའང་ཧ་ཅང་མི་ཕན་པའི་ཤུགས་རྐྱེན་བཟོ་སྲིད།

ནང་སེམས་ཀྱི་འགལ་འདུ་དང་བློ་ཁའི་ཉམས་ཉེན་ལས་ཐར་དཀའ་བའི་རྐྱེན་གྱིས། ལུས་ཁམས་ཀྱི་གསང་རྒྱུད་ཟགས་གཤེར་གྱི་བྱེད་ནུས་སྙོམས་པོ་མི་ཡོང་། དཔེར་ན། (儿茶酚胺)རྡོ་ཇ་ཧྥུན་ཨེན་རིགས་ཀྱི་དངོས་རྫས(མཁལ་མགོའི་རྨེན་རྩི། ཀ་དོར་མཁལ་མགོའི་རྨེན་རྩི) ཟགས་ཐོན་བྱུང་བ་ཚད་ལས་བརྒལ་ཏེ། ཁྲག་ཤེད་འཕར་བ་དང་སྙིང་ལྡིང་ཚད་ཇེ་མགྱོགས་སུ་འགྲོ་བ། འཇུ་བྱེད་གཤེར་ཁུའི་ཟགས་ཐོན་ཇེ་ཉུང་དུ་འགྲོ་བ། ཕོ་རྒྱུའི་བྱེད་ནུས་འཁྲུག་པ་སོགས་དང་། ད་དུང་དེའི་ཞོར་དུ་མགོ་ཡུ་འཁོར་བ་དང་གཉིད་མི་ཁུག་ཅིང་རྨི་ལམ་མང་པ། ལུས་ཤུགས་ཉམས་ཤིང་ངལ་དུབ་ཆེ་བ། ཟས་ལ་ཡི་ག་འགག་པ་དང་ཡིད་སྡུག་པའམ་སེམས་གཡེང་བ་སོགས་ཀྱི་ནད་རྟགས་ཀྱང་འབྱུང་སྲིད། སེམས་ཁམས་འཚབ་འཚུབ་བྱུང་བ་དེས་གསང་རྒྱུད་ཟགས་གཤེར་བྱེད་ནུས་ལ་ཤན་ཞུགས་པ་དང་། གསང་རྒྱུད་ཟགས་གཤེར་བྱེད་ནུས་ལ་འགྱུར་ལྡོག་བྱུང་བ་དེས་སླར་ཡང་མིའི་སེམས་ཁམས་སྔར་ལས་འཚབ་འཚུབ་ཏུ་བཏང་སྟེ། ལུས་སེམས་བདེ་ཐང་ལ་གནོད་འཚེ་གཏོང་བ་རེད།

བྱེད་ཐབས་ཡག་ཤོས་སྤྱད་དེ་སུན་སྣང་ལ་གཡོལ་ཞིང་སྤྲོ་སྣང་འཚོལ་དགོས་ཤིང་། དོན་དག་ལ་ཐུག་ན་སེམས་རྣལ་དུ་ཕབ་པ་དང་། བཟོད་སྒོམ་དང་དཀྱེལ་ཡངས། ཡིད་ཆེས། མཛའ་མཐུན་སོགས་ཧུར་བརྩོན་གྱི་རྣམ་འགྱུར་འཛིན་སྟངས་ཀྱིས་མི་གཞན་དང་འབྲེལ་འདྲིས་བྱས་ན། ད་གཟོད་སེམས་པ་དགའ་སྤྲོས་བརྟས་ཐུབ། ལྷག་པར་དུ་དོན་དག་ལ་ལ་ཞིག་ལ་བསམ་བློ་འཁོར་མི་ཐུབ་ན། དོན་མེད་འབད་བརྩོན་མི་བྱེད་པར། གནས་སྐབས་སུ་ལྷོད་ལྷོད་དུ་བཞག་སྟེ། མཉམ་འཇོག་བྱེད་ཡུལ་ཕྱོགས་གཞན་གྱི་སྟེང་ལ་བསྒྱུར་བར་འབད་པ་བྱེད་དགོས།

གོང་གི་ཤེས་བྱ་འདི《མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང》གིས་འདོན་སྤྲོད་བྱས་པ་ཡིན། 

རྩོམ་སྒྲིག་པ། འབྲུག་མོ།