ཉེ་ལམ་མཚོ་སྔོན་ཧའེ་ཞ་མ་བུ་སྨན་ཁང་བུ་བཙའ་ཚན་ཁག་གི་རིག་གཞུང་བགྲོ་གླེང་ཚོགས་འདུ་བསྡུས།
2019.07.01 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 32

ཟླ་དྲུག་པའི་ཚེས་ཉེར་གཉིས་ཉིན། མཚོ་སྔོན་ཞིང་ཆེན་གསོ་རིག་སློབ་ཚོགས་ཀྱིས་གཙོ་གཉེར་བྱས་པ་དང་མཚོ་སྔོན་ཧའེ་ཞ་མ་བུ་སྨན་ཁང་གིས་སྒྲུབ་འགན་ཁུར་བའི་ཞིང་ཆེན་རིམ་པའི་གསོ་རིག་རྒྱུན་མཐུད་སློབ་གསོའི་རྣམ་གྲངས་ཏེ། “2019ལོའི་མཚོ་སྔོན་ཧའེ་ཞ་མ་བུ་སྨན་ཁང་བུ་བཙའི་ཚན་ཁག་གི་རིག་གཞུང་བགྲོ་གླེང་ཚོགས་འདུ”མཚོ་སྔོན་ཧའེ་ཞ་མ་བུ་སྨན་ཁང་གི་ཐོག་བརྩེགས་ལྔ་པའི་རིག་གཞུང་སྙན་ཞུ་ཁང་དུ་གཟབ་རྒྱས་ངང་འཚོགས་པ་རེད། མཚོ་སྔོན་ཞིང་ཆེན་གྱི་ཁུལ་དང་རྫོང་གི་བུ་བཙའི་ཚན་ཁག་གི་སྨན་པ་150ལྷག་ཙམ་གྱིས་རྒྱལ་ཁབ་ཀྱིས་ཁྱབ་གདལ་བཏང་པའི་ཕྲུ་གུ་བཙའ་དུས་ན་ཟུག་གཅོག་པའི་རྣམ་གྲངས་བརྗོད་གཞི་བྱས་ཏེ་བགྲོ་གླེང་བྱས་པ་རེད།

“2019ལོའི་མཚོ་སྔོན་ཧའེ་ཞ་མ་བུ་སྨན་ཁང་བུ་བཙའ་ཚན་ཁག་གི་རིག་གཞུང་བགྲོ་གླེང་ཚོགས་འདུར”མཚོ་སྔོན་ཞིང་ཆེན་ཧའེ་ཞ་མ་བུ་སྨན་ཁང་སྨན་དོན་ཚན་ཁག་གི་ཀྲུའུ་རེན་ཝང་ཡུང་ལིན་གྱིས་གཙོ་སྐྱོང་གནང་ཤིང་། མཚོ་སྔོན་ཧའེ་ཞ་མ་བུ་སྨན་ཁང་གི་ཡོན་ཀྲང་དཔལ་སྒྲོལ་མས་ཤིས་ཚིག་ཕུལ་བ་རེད། སྒྲོལ་མ་ཡོན་ཀྲང་གིས་བསྟན་དོན། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ན་ནིང་ཟླ་བཅུ་གཅིག་པའི་ཚེས་ཉི་ཤུའི་ཉིན《ཕྲུ་གུ་བཙའ་དུས་ན་ཟུག་གཅོག་པའི་ཚོད་ལྟའི་ལས་དོན་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ》བཏང་བ་དང་། མཚོ་སྔོན་ཧའེ་ཞ་མ་བུ་སྨན་ཁང་གིས་ལས་དོན་དེ་ཧུར་ཐག་སྒོས་སྤེལ་ནས་ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བཅུ་གཉིས་པ་ནས་ད་ལྟའི་བར། རྒྱུན་གཏན་གྱི་ཕྲུ་གུ་བཙའ་དུས་ན་ཟུག་གཅོག་ཚད་ཆ་སྙོམས་བརྒྱ་ཆའི་དྲུག་ཅུ་ཡས་མས་སུ་སླེབས་པ་དང་། ཕྲུ་གུ་སྐྱེ་བའི་བརྒྱུད་རིམ་ཁྲོད་བསམ་ཡུལ་ལས་འདས་པའི་གནས་ཚུལ་བྱུང་མེད་ལ། དེ་དང་དུས་མཚུངས་སུ་རྒྱ་ཆེའི་སྦྲུམ་མ་དང་ཁྱིམ་བདག་གི་དགའ་བསུ་ཐོབ་པ་རེད།

མཚོ་སྔོན་ཞིང་ཆེན་གསོ་རིག་སློབ་ཚོགས་ཀྱི་ཚོགས་གཙོ་མཱ་ཧུང་གིས་གསུང་བཤད་གནང་སྐབས་རང་ཉིད་མཚོ་སྔོན་ཧའེ་ཞ་མ་བུ་སྨན་ཁང་གིས་གཉེར་བའི་ཞིང་ཆེན་རིམ་པའི་རྒྱུན་མཐུད་སློབ་གསོའི་རྣམ་གྲངས་ནང་ཐེངས་མང་ཞུགས་ནས་མཚོ་སྔོན་ཧའེ་ཞ་མ་བུ་སྨན་ཁང་འདི་ཉིད་རིམ་བཞིན་ཕུལ་དུ་བྱུང་བའི་དམངས་གཉེར་སྨན་ཁང་ཞིག་དུ་གྱུར་བ་དང་། མཚོ་སྔོན་དུ་ལག་རྩལ་དང་། སྟོབས་ཤུགས། ཤེས་ལྡན་མི་སྣ། དོ་དམ་བཅས་ལ་བརྟེན་ནས་འཕེལ་རྒྱས་བྱུང་བའི་སྨན་ཁང་སྔར་བས་མང་བ་ཐོན་རྒྱུའི་རེ་བ་བཅངས་ཡོད་ཅེས་གསུངས་པ་རེད། ཐེངས་འདིའི་བགྲོ་གླེང་ཚོགས་འདུའི་ཐོག་ཕྲུ་གུ་བཙའ་དུས་ན་ཟུག་གཅོག་པ་བརྗོད་གཞི་བྱས་པའི་དམིགས་ཡུལ་ནི་གཅིག་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཧུར་ཐག་སྒོས་སྲིད་ཇུས་དང་ལེན་བྱེད་པ་དང་། ཕྲུ་གུ་བཙའ་དུས་ན་ཟུག་གཅོག་པའི་ལག་རྩལ་ནད་ཐོག་བཀོལ་སྤྱོད་བྱེད་པ།  གསུས་སྐྱི་གཤགས་ནས་བཙའ་བའི་ཚད་ཇེ་དམའ་རུ་གཏོང་བ། མི་དམངས་མང་ཚོགས་ཀྱི་ནད་བརྟག་སྨན་བཅོས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སྣང་སྔར་བས་ཆེ་རུ་གཏོང་བ་བཅས་རེད། གཉིས་མཚོ་སྔོན་ཧའེ་ཞ་མ་བུ་སྨན་ཁང་གིས་ཕྲུ་གུ་བཙའ་དུས་ན་ཟུག་གཅོག་པའི་ཐད་ཀྱི་ལས་དོན་ལེགས་པོར་སྤེལ་བ་དང་སྨན་ཁང་གི་ཕྲུ་གུ་སྐྱེ་སྐབས་ན་ཟུག་གཅོག་ཚད་བརྒྱ་ཆའི་དྲུག་ཅུ་ཡས་མས་ཟིན་ཡོད།

ཕྲུ་གུ་བཙའ་དུས་ན་ཟུག་འཇོམས་པའི་ལག་རྩལ་གྱི་སྦྲིད་བཟི་བྱེད་ཐབས་དང་གསུས་སྐྱི་གཤགས་ནས་བཙའ་བ་གཉིས་གཅིག་མཚུངས་ཡིན་ལ། ཚང་མ་མཁྲེགས་སྐྱི་ཕྱིའི་སྦྲིད་སྨན་ཡིན་མོད། འོན་ཀྱང་སྦྲིད་སྨན་གྱི་ཚད་འཇལ་ནི་གསུས་གཤགས་ཀྱི་བཅུ་ཆའི་གཅིག་ཙམ་ཡིན། ན་ཟུག་མེད་པར་ཕྲུ་གུ་སྐྱེ་རྒྱུ་དེ་ཡོ་རོབ་དང་ཨ་རིའི་དར་རྒྱས་ཆེ་བའི་རྒྱལ་ཁབ་ཏུ་སྔ་མོ་ནས་རྒྱུན་གཏན་ཅན་ཞིག་ཏུ་གྱུར་ནས་རྒྱ་ཁྱབ་ངང་དང་ལེན་བྱས་པ་དང་ལག་བསྟར་བྱས་བའི་བསྡུར་ཚད་ཀྱང་བརྒྱ་ཆའི་གྱ་ལྔའི་ཡན་ལ་སླེབས་ཡོད། རྒྱལ་ནང་དུ་ཕྲུ་གུ་སྐྱེ་སྐབས་ན་ཟུག་གཅོག་པའི་ལག་རྩལ་ལོ་ངོ་བཅུ་ལྷག་གི་རིང་ཁྱབ་གདལ་བཏང་ཟིན་མོད། འོན་ཀྱང་ཁྱབ་གདལ་བཏང་བའི་ཚད་བརྒྱ་ཆའི་བཅུ་ཙམ་ལས་ཟིན་མེད་ལ། མཚོ་སྔོན་ཞིང་ཆེན་གྱི་ཁྱབ་གདལ་བཏང་བའི་ཚད་ཀྱི་གཞི་གྲངས་དེ་ལས་ཀྱང་དམའ་བ་ཡོད་པས་ནུས་ཤུགས་ཡོད་དགུའི་ཁྱབ་གདལ་དུ་གཏོང་རྒྱུ་དེ་ཁ་ཚ་དགོས་གཏུག་ཏུ་གྱུར་ཡོད།  ད་ཐེངས་ཀྱི་ཚོགས་ཆེན་ཐོག་མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་གི་མོ་ནད་བུ་སྐྱེ་ཚན་ཁག་གི་ཆེད་མཁས་སྨན་པ་ལྷ་ཆེན་མཚོ་ཡིས《ཕྲུ་གུ་མ་སྐྱེ་གོང་གི་འབྲེལ་ཡོད་གནད་དོན་གྱི་ནད་ཐོག་སྨན་བཅོས་བློ་འདྲིའི་བསམ་གཞིགས》དང་། མཚོ་སྔོན་ཧའེ་ཞ་མ་བུ་སྨན་ཁང་གི་དགེ་རྒན་ཆེན་མོ་བ་ལིས་ཧྥེང་ལེན་གྱིས《ཕྲུ་གུ་བཙའ་དུས་ན་ཟུག་གཅོག་པའི་ནད་ཐོག་སྨན་བཅོས་ཀྱི་ཉེར་སྤྱོད》《སྦྲུམ་མའི་ཕྲུ་གུ་བཙའ་དུས་ཀྱི་བདེ་སྲུང》 མཚོ་སྔོན་ཧའེ་ཞ་མ་བུ་སྨན་ཁང་མོ་ནད་ཚན་ཁག་ཞག་སྡོད་པུའུ་ཡི་ཀྲའོ་ཞའོ་ལིན་གྱིས《བུ་སྣོད་དང་གསུས་ཁོག་ཤེལ་གྱི་གཤགས་བཅོས》ལ་བརྙན་ལམ་བརྒྱུད་དེ་ངོ་སྤྲོད་བྱས་པ་དང་། མཚོ་སྔོན་ཧའེ་ཞ་མ་བུ་སྨན་ཁང་གི་སྦྲིད་སྨན་ཚན་ཁག་གི་ཀྲུའུ་རེན་ཝང་ཆིང་མེ་ཡིས《ཕྲུ་གུ་བཙའ་དུས་ན་ཟུག་གཅོག་པའི་ལག་རྩལ་གྱི་སྦྲིད་སྨན་མྱོང་ཚོར》བཅས་ངོ་སྤྲོད་བྱས། ཐེངས་འདིའི་བགྲོ་གླེང་ཚོགས་འདུས་ཕྲུ་གུ་བཙའ་དུས་ན་ཟུག་གཅོག་པའི་རྣམ་གྲངས་ལ་དམིགས་ནས་སྤེལ་བ་དང་། དོན་དངོས་ཀྱི་བཀོལ་སྤྱོད་དང་མྱོང་ཚོར་སོགས་བརྒྱུད་ནས་ཕྲུ་གུ་བཙའ་དུས་ན་ཟུག་གཅོག་པའི་གོ་རིམ་ཧྲིལ་པོ་མངོན་པ་རེད།

རྩོམ་སྒྲིག་པ། འབྲུག་མོ།