བག་ཡངས་ཀྱི་འཚོ་བ་ཞེས་པ་ལས་བག་ཡངས་ནི་བདེ་ཐང་གི་རྣམ་འགྱུར་ཞིག་ཡིན་ནམ།
2019.07.05 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 51

ལས་ཀ་ལས་པའི་མགྱོགས་ཚད་དང་འཚོ་བ་བག་ཡངས་ཡིན་མིན་དེ་སེམས་ཁམས་དང་འབྲེལ་བ་དམ་པོ་ཡོད།

མི་མང་པོ་ཞིག་ལ་ད་དུང“བག་ཡངས་ཀྱི་འཚོ་བ”མངོན་འགྱུར་བྱེད་པའི་སྤྱི་ཚོགས་དཔལ་འབྱོར་གྱི་ཆ་རྐྱེན་མི་ལྡན་པ་རེད། “བག་ཡངས་ཀྱི་འཚོ་བ”ཞེས་པའི་རིན་ཐང་འདུ་ཤེས་དེ་མི་རྣམས་ཀྱི་འཚོ་བ་དང་སློབ་སྦྱོང་། བྱ་བའི་གོ་རིམ་ཁྲོད་ལག་ལེན་མཐར་ཕྱིན་བྱེད་དགོས། ཁྱོད་ཀྱིས“བག་ཡངས་ཀྱི་འཚོ་བ”མངོན་འགྱུར་བྱེད་མི་ཐུབ་རུང་། “འགྲོས་དལ་བ། མགྱོགས་ཚད་དལ་བ། སེམས་ཁམས(དལ་བ)ལྷོད་པོ”བཅས་མངོན་འགྱུར་བྱེད་ཆོག་པ་ཞིག་རེད། དལ་བ་གསུམ་གྱི་ནང་དུ་ཆེས་གལ་ཆེ་བ་ནི་སེམས་ཁམས་ལྷོད་པོ་ཡིན།

དོན་ངོ་མར“བག་ཡངས་སམ་དལ་བ”ཞེས་པ་ནི་རྣམ་འགྱུར་ཞིག་གམ། ཡང་ན་འཚོ་བ་རོལ་སྟངས་སམ་ནུས་པའི་རིགས་ཤིག་ལ་གོ་བ་རེད། “བག་ཡངས་ཀྱི་འཚོ་བ”དེ་མི་སྒེར་ལ་རྒྱུ་ནོར་ག་འདྲ་ཡོད་མེད་ལ་འབྲེལ་བ་ཆེན་པོ་མེད་པར་ལྷིང་འཇགས་ཡོང་བ་དང་སེམས་ཁམས་ལྷོད་པོ་ཡོང་རྒྱུ་གཙོ་བོ་ཡིན། “བག་ཡངས་ཀྱི་འཚོ་བ”ཟེར་བ་ནི་ལེ་ལོ་དང་སྒྱིད་ལུག་ལ་གོ་བ་མིན་ལ། མགྱོགས་ཚད་དལ་བ་ཞེས་པ་ཡང་དུས་ཚོད་འགོར་འགྱངས་བྱེད་པར་གོ་བ་མིན་པར། མི་རྣམས་ཀྱིས་དུས་རྒྱུན་འཚོ་བའི་ཁྲོད་དོ་མཉམ་པའི་འཚོ་བ་རོལ་སྟངས་ཤིག་བརྩོན་ལེན་བྱ་རྒྱུ་དེ་ཡིན།

གལ་ཏེ་ང་ཚོས་འཚོ་བའི་མྱུར་ཚད་ལ་ཚོད་འཛིན་བྱེད་ཐུབ་པ་ཞིག་ཡིན་ན། འཚོ་བའི་འགྲོ་འདུག་སྤྱོད་གསུམ་དང་སེམས་ཁམས་སྙོམས་སྒྲིག་བྱེད་པར་ཕན་པ་ཡོད་པར་མ་ཟད། རང་ཉིད་ཀྱི་འཚོ་བ་ཅི་ལྟ་བུ་ཞིག་ཡིན་པ་ཡང་ཤེས་ཐུབ།

ཆེད་མཁས་པས་བཤད་པ་ལྟར་ན། འཚོ་བའི་གོམ་སྟབས་ཧ་ཅང་མགྱོགས་ཚེ། མིའི་ཀླད་པའི་ནུས་པ་དང་ཚོད་འཛིན་བྱེད་པའི་ནུས་པར་འཁྲུག་ཆ་བསླངས་ནས་གཉིད་མི་ཁུག་པ་དང་། སྐྱོ་སྣང་ཡོད་པ། བདེ་འཇགས་སམ་སྐྱིད་སྣང་མེད་པར་མ་ཟད། ཐ་ན་རྒྱུན་པར་རྒྱུ་རྐྱེན་གསལ་བོ་མིན་པའི་སྒོ་ནས་འཇིགས་སྣང་ཡོད་པ་རེད། འདི་དག་ཚང་མ་འཚོ་བ་རོལ་སྟངས་ཡང་དག་མིན་པ་ལས་བསྐྱེད་པ་རེད།

གནོན་ཤུགས་ཆེ་ན་གནོད་པ་གང་དག་ཡོད།

གནོན་ཤུགས་ཆེ་ན་དུ་བ་འཐེན་པ་དང་། ཆང་དང་ཇ། ཁའོ་ཧྥེ་སོགས་འཐུང་ཚད་ཇེ་མང་དུ་སོང་ནས། བཙན་ཤེད་རང་བཞིན་གྱི་བྱ་སྤྱོད་མངོན་གྱིན་ཡོད། མི་མང་པོ་ཞིག་གིས་གནོན་ཤུགས་དང་འཕྲད་ཚེ་དུ་བ་འཐེན་པ་དང་ཆང་འཐུང་བ། ཁའོ་ཧྥེ་འཐུང་བ་སོགས་ཀྱི་འཚོ་བ་རོལ་སྟངས་ལ་བརྟེན་ནས་སེམས་ཁམས་གསོ་བ་དང་། གནོན་ཤུགས་ཞི་ལྷོད་དུ་གཏོང་བ། ངལ་དུབ་སེལ་བ་རེད། ཡིན་ཡང་། ཐ་མག་གི་བ་ཚྭ་དང་ཁའོ་ཧྥེའི་རྒྱུ། ཆང་བཅུད་སོགས་མི་མངོན་པའི་དངོས་པོ་ཡང་དང་བསྐྱར་དུ་བཀོལ་སྤྱོད་བྱེད་བཞིན་ཡོད་པས། ལུས་སྟེང་དུ་གོམས་ལོབས་སུ་སོང་ནས་ཚད་ལས་བརྒལ་བར་འཐུང་ན་སྐྱིད་སྣང་བྱུང་བའམ། ཡང་ན་དུ་བ་དང་ཆང་། ཁའོ་ཧྥེ་སོགས་མ་འཐུང་ཚེ་སེམས་འཚབ་པའམ་མི་སྐྱིད་པའི་སྣང་བ་ཐོན་སྲིད།

གནོན་ཤུགས་ཆེ་ན་བློ་རིག་སྒྲིམ་མི་ཐུབ་པ་དང་། དྲན་ཤེས་ཀྱི་ནུས་པ་དང་། གོ་བ་ལེན་པའི་ནུས་པ། གསར་གཏོད་ཀྱི་ནུས་པ་སོགས་ཇེ་ཞན་དུ་གྱུར་ཏེ། རྒྱུན་པར་སེམས་ཁྲལ་བྱེད་པ། སེམས་མི་བདེ་བ་སོགས་ཀྱི་སྣང་བ་ཐོན་སྲིད། གནོན་ཤུགས་ཆེ་དྲགས་ན་མི་ལ་སྐྱོ་སྣང་དང་། སེམས་ཁྲལ་ཡོད་པ། སྡུག་བསྔལ་ཆེ་བ། ཡིད་མི་ཚིམ་པ། དེ་མིན་སེམས་མི་སྐྱིད་པའི་སྣང་བ་སྐྱེས་ནས། འཚོ་བར་དོན་སྙིང་དང་དགའ་ཕྱོགས་མེད་པ་དང་། རང་གཅུན་ནུས་པ་དང་རང་རྐྱ་འཕེར་བའི་ལས་ཀའི་ནུས་པ་ཇེ་ཞན་དུ་འགྲོ་བ་རེད། གནོན་ཤུགས་ཆེ་ན་མི་གཞན་ལ་འགལ་ཟླ་འབྱུང་ཚད་མང་ཞིང་། བྱ་བའི་ལས་ཆོད་ལ་ཤན་ཤུགས་ཐེབས་ནས། མི་ལ་བརྗེད་ངེས་དང་ངལ་དུབ་འབྱུང་གིན་ཡོད། གནོན་ཤུགས་ཆེ་བའི་མིས་བྱ་བ་གང་ལའང་དོ་སྣང་མི་བྱེད་པའམ་གང་འདོད་བྱེད་པ། ཁོ་ཚོར་དོན་ཆུང་ཐག་གཅོད་དང་རྒྱུན་ལྡན་འགུལ་སྐྱོད་བྱེད་པའི་ནུས་པ་ཡོད་རུང་། གནད་དོན་ཆེན་པོ་ཐག་གཅོད་པའི་སྐབས་སུ་རྒྱུན་ལྡན་གྱི་ཇུས་ཐག་གཅོད་ཐབས་མེད་པར་མ་ཟད། ད་དུང་འགན་མི་འཁུར་བའི་བྱ་སྤྱོད་ལྡན་པ་རེད།

དུས་ཡུན་རིང་བོར་གནོན་ཤུགས་སེལ་ཐབས་མ་བྱས་ཚེ། སྙིང་ནད་ཀྱི་རིགས་འབྱུང་བ་དང་། དཔེར་ན་ཁྲག་ཚིལ་ཇེ་མཐོར་འགྲོ་བ་དང་། ཁྲག་རྡོག་ཇེ་མང་དུ་འགྲོ་བ། དེ་མིན་སྙིང་ནད་དང་གྲིབ་ཕོག་པ་སོགས་ཀྱི་ནད་རིགས་འབྱུང་ཚད་ཇེ་མཐོར་འགྲོ་བ་རེད། གནོན་ཤུགས་ལས་བསྐྱེད་པའི་མི་བདེ་བའི་ནད་རིགས་ནི་གནས་སྐབས་ཙམ་ཡིན་པར་བཤད་མོད། དེ་ནི་གློ་བུར་བའི་ནད་དང་ཡང་དང་བསྐྱར་དུ་འབྱུང་བའི་ཏོག་དབྱིབས་ཁྲག་རྩ་སྲ་འགྱུར་གཉན་ཚད། ཐ་ན་སྙིང་ནད་བཅས་ཀྱི་འབྱུང་རྐྱེན་དུ་འགྱུར་སྲིད།

དུས་ཡུན་རིང་བོར་སེམས་སུ་གནོན་ཤུགས་ཡོད་པའམ། ཡང་ན་དུས་ཡུན་ཐུང་ངུའི་ནང་དུ་སེམས་སུ་གནོན་ཤུགས་ཡོད་ཚེ་རིམས་འགོག་མ་ལག་གི་གསོན་ཤུགས་ལ་ཤུགས་རྐྱེན་ཐེབས་སྲིད། གནོན་ཤུགས་ཇི་ལྟར་ཆེ་ན་དུག་སྲིན་འགོག་རྗས་དེ་ལྟར་ཇེ་ཉུང་དུ་འགྲོ་བ་དང་། དུག་སྲིན་འགོས་ཚད་ཀྱི་གོ་སྐབས་དེ་ལྟར་ཇེ་མཐོར་འགྲོ་བཞིན་ཡོད། གནོན་ཤུགས་ཀྱིས་ཕོ་སྐྱུར་ལངས་སུ་བཅུག་ནས་མིད་པའི་རྩ་འཁུམ་པའམ། ཁོག་པ་བཤལ་བ། ཟུག་གཟེར་རང་བཞིན་གྱི་རྒྱུ་མའི་གཉན་ཚད་འབྱུང་བ། ལོང་ག་ཇེ་ཆུང་དུ་འགྲོ་བ་སོགས་ཀྱི་ནད་འབྱུང་སྲིད། དེ་མིན་ཟ་མའི་འཇུ་ལམ་དང་རྒྱུ་མས་ཟས་རིགས་ཀྱི་བཅུད་ལེན་པར་ཤུགས་རྐྱེན་ཐེབས་པ་སོགས་ཀྱིས་རྩ་སྐམ་པའི་སྣང་ཚུལ་ཡང་འབྱུང་སྲིད།

རྩོམ་སྒྲིག་པ། འབྲུག་མོ།