ཟས་རིགས་ལུགས་མཐུན་ངང་བསྟེན་ཐབས།
2019.07.09 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 42

ཟས་སྣ་མང་བ་དང་འབྲུ་རིགས་གཙོ་བོར་བསྟེན་པ། ཞིབ་རྩིང་མཉམ་བསྲེས་བཅས་བྱེད་དགོས།

འབྲུ་རིགས་ཀྱིས་གཙོ་བོ་ཐན་ཆུའི་འདྲེས་སྦྱོར་དངོས་རྫས་དང་སྦྲི་དཀར། བཟའ་བཅའི་ཚི་སྣ། འཚོ་བཅུདBཡི་རིགས་འདོན་སྤྲོད་བྱེད་པས། མི་རྣམས་ཀྱིས་ཉིན་རྒྱུན་འབྲུ་རིགས་འོས་འཚམ་ཞིག་བཟའ་དགོས །དེ་མིན་ཞིབ་རྩིང་མཉམ་བསྲེས་བྱེད་པ་དང་། རྒྱུན་པར་འབྲུ་རྩིང་དང་དཀྱུས་འབྲུ། སྙེ་མ་ཅན་གྱི་འབྲུ་རིགས་ཟོས་ན་བཟང་། །

སྔོ་ཚོད་དང་སིལ་ཏོག་དང་ཞོག་ཁོག་གི་རིགས་མང་པོ་ཟོས་ན་བཟང་།

སྔོ་ཚོད་དང་སིལ་ཏོག་ནི་འཚོ་བཅུད་དང་གཏེར་རྒྱུ། བཟའ་བྱའི་ཚི་སྣ་བཅས་ཀྱི་འབྱུང་ཁུངས་གཙོ་བོ་ཡིན་པས། ཆུ་འདུས་ཚད་མང་བ་དང་ནུས་ཚད་དམའ་བ་རེད། ཞོག་ཁོག་གི་ནང་དུ་སིང་ཕྱེ་མང་ཞིང་། བཟའ་བཅའི་ཚི་སྣ་དང་འཚོ་བཅུད་དང་གཏེར་རྒྱུ་མང་པོ་འདུས། སྔོ་ཚོད་དང་སིལ་ཏོག་དང་ཞོག་ཁོག་གི་རིགས་བཅས་ཟོས་ན་རྒྱུ་མའི་རྒྱུན་ལྡན་གྱི་ནུས་པ་སྲུང་འཛིན་བྱེད་པ་དང་རིམས་འགོག་ནུས་པ་ཇེ་མཐོར་འགྲོ་བ་དང་། དལ་བའི་རང་བཞིན་གྱི་རིམས་ནད་སྣ་ཚོགས་འབྱུང་བའི་ཉེན་ཁ་ཇེ་དམའ་རུ་གཏོང་ཐུབ། །

ཉིན་རྒྱུན་འོ་མའི་རིགས་དང་སྲན་ཆེན་ནམ་སྲན་བཟོས་ཟས་རིགས་ཟ་དགོས།

འོ་མའི་རིགས་ཀྱི་ནང་དུ་སྤུས་ལེགས་སྤྲི་དཀར་དང་འཚོ་བཅུད་འདུས་པ་ལས་གཞན། ཀལ་འདུས་ཚད་མཐོ་བར་མ་ཟད་བེད་སྤྱོད་ཚད་ཧ་ཅང་མཐོ་ལ། བཟའ་བཅའི་ཀལ་གྱི་འབྱུང་ཁུངས་ཆེས་བཟང་པོ་ཡིན། སྲན་ཆེན་གྱི་ནང་དུ་སྤུས་ལེགས་སྤྲི་དཀར་འདུས་པས་དགོས་ངེས་ཀྱི་ཚིལ་སྐྱུར་དང་། འཚོ་བཅུདBཡི་རིགས།འཚོ་བཅུདEཡི་རིགས། བཟའ་བཅའི་ཚི་སྣ་སོགས་འཚོ་བཅུད་འཛོམས། །

དུས་རྒྱུན་དུ་ཉ་ཤ་དང་བྱ་ཤ  སྒོ་ང་། ཤ་སྣག་བཅས་འཚམ་པོ་ཞིག་ཟ་དགོས།

ཉ་ཤ་དང་བྱ་ཤ སྒོ་ང་། ཤ་སྣག་བཅས་ནི་སྲོག་ཆགས་རང་བཞིན་གྱི་ཟས་རིགས་ཡིན་པས། མིའི་རིགས་ཀྱི་སྤུས་ལེགས་སྤྲི་དཀར་དང་སྣུམ་ཚིལ་གྱི་རིགས། སྣུམ་ཚིལ་ཞུ་བའི་རང་བཞིན་གྱི་འཚོ་བཅུད། འཚོ་བཅུདBཡི་རིགས་དང་གཏེར་རྒྱུའི་འབྱུང་ཁུངས་བཟང་བོ་ཡིན་ལ། བཟའ་བཅའ་དོ་མཉམ་ཡོང་བའི་གྲུབ་ཆ་གཙོ་བོ་ཞིག་ཡིན། །

སྣུམ་དང་ཚྭ་ཉུང་བའི་ཟས་རིགས་བསྟེན་དགོས།

སྣུམ་ཚིལ་ཟོས་པ་མང་ན་ལུས་ཚོན་པོ་དང་ཁྲག་སྤྲི་མཐོ་བ། འཕར་རྩ་རེངས་འགྱུར་སོགས་དལ་བའི་རང་བཞིན་གྱི་ནད་རིགས་མང་པོ་འབྱུང་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན། ཚྭ་ཟོས་པ་མང་བ་དེ་ཁྲག་ཤེད་མཐོ་བའི་ནད་འབྱུང་བར་འབྲེལ་བ་དམ་པོ་ཡོད། དེ་བས་ཚང་མས་ཚྭ་ཉུང་བའི་ཟས་རིགས་བསྟེན་པའི་གོམས་སྲོལ་ཆགས་དགོས་པ་དང་། སྲོག་ཆགས་རང་བཞིན་གྱི་ཟས་རིགས་དང་སྣུམ་བཙོས། དུ་བདུག་བྱས་པའི་ཟས། བསྙལ་ཟས་སོགས་ཉུང་བསྟེན་བྱས་ན་བཟང་། །

ཟས་བསྟེན་པ་ཚད་ལས་མི་བརྒལ་བ་དང་ཉིན་རྒྱུན་འགུལ་སྐྱོད་བྱས་ཏེ། བདེ་ཐང་གི་ལུས་པོའི་ལྗིད་ཚད་སྲུང་འཛིན་བྱེད་དགོས།

འཚོ་བ་རོལ་སྟངས་ལ་འགྱུར་ལྡོག་བྱུང་བས་མི་རྣམས་ཀྱི་ལུས་པོའི་འགུལ་སྐྱོད་ཇེ་ཉུང་དུ་སོང་ཞིང་། ཟས་བསྟེན་ཚད་བལྟོས་བཅས་ཀྱིས་ཇེ་མང་དུ་སོང་སྟེ། རང་རྒྱལ་སྡོད་དམངས་ཀྱི་ལུས་པོའི་ལྗིད་ཚད་ཚད་ལས་བརྒལ་བ་དང་། མི་ཚོན་པོ་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད། འདི་ནི་དལ་བའི་རང་བཞིན་གྱི་ནད་འབྱུང་ཚད་ཇེ་མང་དུ་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་པས། ཟས་བསྟེན་ཚད་དང་འགུལ་སྐྱོད་ཀྱི་ཚད་དོ་མཉམ་ཡོང་བ་སྲུང་འཛིན་བྱེད་པ་ལས། ཟས་ཐུན་རེ་རེར་རྒྱགས་ཆད་པ་ཞིག་ཟ་བ་སྤངས་ནས། ཉིན་རྒྱུན་འགུལ་སྐྱོད་བྱེད་པའི་གོམས་སྲོལ་ཆགས་དགོས། །

ཉིན་གཅིག་གི་ཟས་ཐུན་གསུམ་པོ་ལུགས་མཐུན་ངང་བསྟེན་ནས་ཞོར་ཟས་ཉུང་ཙམ་ཟ་དགོས་།

ཉིན་གཅིག་གི་ཟས་ཐུན་གསུམ་པོ་ལུགས་མཐུན་ངང་བཀོད་སྒྲིག་བྱས་ནས། དུས་ལྟར་དང་ཚད་རན་པ་ཞིག་བཟའ་དགོས། རང་གི་ལས་རིགས་དང་ལས་ཀའི་ཡང་ལྗིད། འཚོ་བའི་གོམས་སྲོལ་ལྟར་བཀོད་སྒྲིག་འོས་འཚམ་བྱེད་དགོས། ཁྱད་པར་དུ་དགོང་ཟས་ལ་སྣུམ་ཞགས་ཉུང་བ་དང་འཇུ་སླ་བའི་ཟས་འཚམ་པོ་ཞིག་བསྟེན་ན་ལེགས། ཞོར་ཟས་ནི་ཉིན་གཅིག་གི་ཟས་ཐུན་གསུམ་པོ་ཕན་ཆད་ཀྱི་འཚོ་བཅུད་ཁ་གསབ་ཡིན་པས། ཉུང་ཙམ་བསྟེན་པ་ལས་མང་པོ་ཟ་མི་རུང་།།

ཉིན་རེར་ཆུ་ཁོལ་འདང་ངེས་ཤིག་འཐུང་བ་དང་སྐོམ་ཆུ་བདམས་ནས་འཐུང་དགོས།

སྐོམ་ཆུ་ནི་འཐུང་ཐེངས་རེར་ཉུང་ཙམ་རེ་དང་ཐེངས་མང་པོར་བསྟེན་དགོས་པ་དང་། ཁ་སྐོམ་རག་བར་དུ་མི་འདུག་པར་རང་འགུལ་གྱིས་འཐུང་དགོས། སྐོམ་ཆུ་ལས་ཆེས་བཟང་བ་ནི་ཆུ་ཁོལ་ཡིན་པ་དང་། གཏེར་རྫས་དང་འཚོ་བཅུད་འདྲེས་པའི་སྐོམ་ཆུ་ནི་ཚ་བ་ཆེ་བའི་དུས་སུ་ཕྱི་རོལ་ནས་བྱ་འགུལ་སྤེལ་བ་དང་འགུལ་སྐྱོད་བྱས་རྗེས་འཐུང་ན་བཟང་། སྐོམ་ཆུ་མང་པོའི་ནང་དུ་ཀ་རའི་རིགས་ངེས་ཅན་ཞིག་འདྲེས་པས། མང་པོ་འཐུང་ན་ལུས་སྟེང་གི་ནུས་ཚད་ལྷག་སྲིད། །

ཆང་འཐུང་ན་ཚད་རན་པ་འཐུང་དགོས།

ཆང་མང་པོ་འཐུང་ན་ཡི་ག་ཇེ་ཞན་དུ་འགྲོ་བ་དང་ཟས་ཟ་ཚད་ཇེ་ཉུང་དུ་སོང་ནས། ལུས་ལ་འཚོ་བཅུད་མི་འདང་བ་དང་དལ་གཤིས་དང་བྲེལ་བའི་ཆང་བཅུད་ཀྱི་དུག་ཕོག་པ་དང་། ཆང་བཅུད་རང་བཞིན་གྱི་མཆིན་པ་ཚིལ་གྱིས་གཡོག་པའི་ནད་འབྱུང་སྲིད་ལ། ཚབས་ཆེ་ན་ཆང་བཅུད་རང་བཞིན་གྱི་མཆིན་པ་སྲ་འགྱུར་གྱི་ནད་འབྱུང་སྲིད། ཆང་མང་པོ་འཐུང་ན་ཁྲག་ཤེད་མཐོ་བའི་ནད་དང་གྲིབ་ནད་སོགས་ཉེན་ཁ་ཆེ་བའི་ནད་རིགས་འབྱུང་སྲིད། །

གསར་བ་དང་གཙང་མ་ཡིན་པའི་ཟས་རིགས་བསྟེན་ན་ལེགས།

ཟས་རིགས་འཇོག་ཡུན་རིང་ན་རུལ་སྲིད་པ་དང་། རུལ་བ་ཟོས་ན་མིའི་ལུས་ལ་དུག་དང་གནོད་པ་ཐེབས་ངེས། དེ་མིན་ཟས་དུག་ཕོག་ན་ད་དུང་གནོད་ལྡན་གྱི་རྒྱུ་སྣ་ཚོགས་ཏེ། དཔེར་ན། ནད་འབྱུང་བའི་སྲིན་འབུ་ཕྲ་མོ་དང་གཞན་བརྟེན་སྲིན་འབུ། དུག་ལྡན་གྱི་འདྲེས་སྦྱོར་དངོས་རྫས་འདུས་ངེས། གསར་བ་དང་གཙང་མ་ཡིན་པའི་ཟས་རིགས་ཟོས་ན་ཟས་རིགས་རང་བཞིན་གྱི་ནད་རིགས་སྔོན་འགོག་བྱེད་ཐུབ་པ་དང་ཟས་རིགས་བདེ་འཇགས་ཡོང་བའི་རྩ་བའི་བྱེད་ཐབས་ཡིན། །

དཀར་ཟས་དང་དམར་ཟས་སྡེབ་ནས་ཟ་དགོས།

ཉེ་བའི་ལོ་འགའི་རིང་ལ། མི་ཚོན་པོ་དང་ཁྲད་ཤེད་མཐོ་བ། ཏོག་དབྱིབས་ཁྲག་རྩའི་ནད་པ་བཅས་ཇེ་མང་དུ་འགྲོ་བཞིན་ཡོད་པས། མི་ཁ་ཤས་ཀྱིས་དཀར་ཟས་ཁོ་ན་བཟའ་བར་སྐུལ་གྱིན་ཡོད་མོད། ཞག་ཚིལ་ཡོད་ཚད་ལ་གནོད་པ་ཡོད་པའི་ངེས་པ་མེད་དེ། འཕར་རྩའི་ཁྲག་རྒྱུན་མི་ལེགས་པ་དང་སྙིང་ནད་ཀྱི་འབྱུང་རྐྱེན་གཙོ་བོ་ནི་ཚད་ལས་བརྒལ་བའི་ཞག་ཚིལ་དང་སྤོ་སྐྱོད་ཞག་ཚིལ་ཡིན་པ་ལས་སྤྱིར་བཏང་གི་ཞག་ཚིལ་མིན།

དཀར་ཟས་དང་དམར་ཟས་གང་ཡིན་རུང་མིའི་རིགས་ལ་གཅིག་ཀྱང་ཆད་མི་རུང་།

ང་ཚོས་མི་དར་མ་དང་ལོ་ལོན་རྣམས་ཀྱིས་དཀར་ཟས་མང་པོ་བསྟེན་པར་སྐུལ་མ་གཏོང་བ་ནི་དམར་ཟས་གཏན་ནས་མ་བཟའ་ཟེར་བ་མིན་ཏེ། ཟས་རིགས་དོ་མཉམ་ཡིན་པའི་སྔོན་འགྲོའི་འོག་དཀར་ཟས་མང་དུ་བསྟེན་དགོས་པ་དེ་ཡིན། 

གོང་གི་ཤེས་བྱ་འདི《མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང》གིས་འདོན་སྤྲོད་བྱས་པ་ཡིན།