ཀྲུང་གོའི་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་འཛིན་དཔོན་པོ་གཞོན་པ་ཞང་ཙི་ཁྲིན་གྱིས་མཚོ་སྔོན་གྱི་བྱ་བར་རྟོག་ཞིབ་བྱས།
2019.07.10 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 13

ཟླ་བདུན་པའི་ཚེས་གསུམ་ཉིན་ནས་ཚེས་ལྔ་ཉིན་བར། ཀྲུང་གོའི་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་འཛིན་དཔོན་པོ་གཞོན་པ་ཞང་ཙི་ཁྲིན་སོགས་མཚོ་སྔོན་དུ་ཡོང་ནས་གཞི་རིམ་གྱི་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་བཅོས་བསྒྱུར་བྱ་བ་དང་། དབང་བོ་སྐྱོན་ཅན་གྱི་འགུལ་རྣམ་གསར་བསྒྱུར་བྱ་བ། གཞི་རིམ་གྱི་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་རྩ་འཛུགས་འཛུགས་སྐྲུན་བྱ་བ་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས།

ཞང་ཙི་ཁྲིན་སོགས་སྔ་གཞུག་ཏུ་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་གི་དབང་བོ་སྐྱོན་ཅན་གྱི་ལས་ཞུགས་ལས་སྐྲུན་གསོ་སྦྱོང་ལྟེ་གནས་དང་དབང་བོ་སྐྱོན་ཅན་གྱི་ལས་ཞུགས་དཔེ་སྟོན་རྟེན་གཞི། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་དབང་བོ་སྐྱོན་ཅན་ལས་ཞུགས་ཞབས་ཞུ་ཁང་དང་ནུབ་མཚོ་གྲོང་རྡལ་མཁར་བྱང་གཞིས་ཁུལ་དབང་བོ་སྐྱོན་ཅན་ཁྱིམ་གཞི་བཅས་སུ་སོང་ནས། དབང་བོ་སྐྱོན་ཅན་ཚོ་དང་མཛའ་བརྩེའི་གླེང་མོལ་བྱས་པ་དང་། ཁོ་ཚོ་རིགས་མི་འདྲ་བའི་རྩལ་ནུས་གསོ་སྦྱོང་ཁྲོད་ཞུགས་ནས། རང་སྟེང་གི་ནུས་པ་མཐོར་འདེགས་གཏོང་རྒྱུའི་སྐུལ་མ་བཏང་བ་མ་ཟད། གཞི་རིམ་གྱི་དབང་བོ་སྐྱོན་ཅན་གྱི་བྱ་བ་སྒྲུབ་མཁན་དང་དབང་བོ་སྐྱོན་ཅན་གྱི་ཆེད་བསྐོས་ཨུ་ཡོན་བཅས་དང་གླེང་མོལ་བྱས་ཏེ། དབང་བོ་སྐྱོན་ཅན་གྱི་ལས་ཞུགས་ཞབས་ཞུ་དང་ཆེད་བསྐོས་ཨུ་ཡོན་བཀོད་སྒྲིག་བྱ་བ་སྤེལ་ཚུལ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས།

དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱི་བཅོས་བསྒྱུར་བྱ་བ་གཏིང་ཟབ་སྤེལ་བའི་གནས་ཚུལ་གྱི་བཞུགས་མོལ་ཚོགས་འདུའི་སྟེང་། ཞང་ཙི་ཁྲིན་གྱིས་ནན་གྱིས་བསྟན་དོན། མཚོ་སྔོན་ཞིང་ཆེན་གྱི་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཕྱོགས་བསྡུས་མཐུན་སྦྱོར་དང་བློ་འདོན་ཇུས་འབུལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཀྲུང་གོ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་གཞི་རིམ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱི་ཆེད་དོན་བཅོས་བསྒྱུར་ཚོད་ལྟའི་ལག་བསྟར་ཇུས་གཞི་འགྲེམ་སྤེལ་བྱེད་པའི་བརྡ་སྦྱོར་དང་ཆེད་དོན་མཐུན་ཚོགས་བྱ་བར་ཤུགས་སྣོན་དང་ལེགས་བསྒྱུར་བྱེད་པའི་སྐོར་གྱི་གྲོས་གཞིའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ནས། དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་རྩ་འཛུགས་བཅོས་བསྒྱུར་བྱ་བ་དུས་བཅད་ལྟར་ཡོངས་འགྲུབ་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། འབྲུག་མོ།