ཚྭ་མང་པོ་ཟོས་ན་བདེ་ཐང་ལ་གནོད།
2019.07.12 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 25

ཟས་ལ་ཚྭ་ཁུ་མེད་ན་བྲོ་བ་མེད་པས། ཚྭ་ནི་མི་རྣམས་ཀྱི་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་བྲོ་རྫས་ཤིག་ཡིན། ཟ་མ་གཡོས་སྦྱོར་བྱེད་སྐབས་ཟ་མའི་ནང་འོས་འཚམ་གྱི་ཚྭ་བསྲེས་ན་བྲོ་བ་ཞིམ་པར་མ་ཟད། ད་དུང་མིའི་ལུས་པོའི་བདེ་ཐང་ལའང་ཕན་པ་ཡོད།

《ཀྲུང་གོའི་སྡོད་དམངས་ཀྱི་བཟའ་བཏུང་མཛུབ་སྟོན》ལས་བཏོན་པ་ལྟར་ན། མི་དར་མའི་ཉིན་གཅིག་གི་རིང་ལ་ཚྭ་ཟ་ཚད་ནི་ཁེ་དྲུག་ལས་བརྒལ་མི་རུང་། ཡིན་ཡང་འཛམ་གླིང་སྟེང་གི་རྒྱལ་ཁབ་སོ་སོའི་མི་རྣམས་ཀྱི་ཚྭ་ཟ་བ་ཚད་ལས་བརྒལ་ཡོད། དེ་བས་ཞིབ་འཇུག་ལས་གསལ་འགྲེལ་བྱས་པ་ལྟར་ན། ཚྭ་ཟ་ཚད་མང་ན་མིའི་ལུས་པོའི་བདེ་ཐང་ལ་གནོད་པ་ཆེ།

ཚྭ་མང་བའི་ཟ་མ་ཟོས་ན་ཁྲག་ནང་གི་ཚྭ་འདུས་ཚད་ཇེ་མང་དུ་གྱུར་ཏེ། མིའི་ལུས་སྟེང་གི་ཆུ་ཁྲག་རྒྱུན་ནང་བཞུར་ནས་སྙིང་གི་འཕར་ཚད་ལ་གནོད་པ་ཐེབས་ཀྱིན་ཡོད་པར་མ་ཟད། ད་དུང་རིམ་བཞིན་ཁྲག་ཤེད་ཇེ་མཐོར་འགྲོ་བ་རེད། ཚྭ་ཟ་ཚད་མང་བའི་མི་ལ་ཁྲག་ཤེད་མཐོ་བའི་ཉེན་ཁ་བྱུང་ནས་གྲིབ་ནད་དང་སྙིང་ནད་སོགས་ཀྱི་ནད་རྟགས་ཐོན་གྱིན་ཡོད།

ཚྭ་ཟ་ཚད་མང་ན་གཅིན་པའི་ནང་གི་སྤྲི་དཀར་འདུས་ཚད་ཇེ་མཐོར་འགྲོ་བཞིན་ཡོད། དེ་ནི་མཁལ་མའི་བྱེད་ནུས་ལ་ཉེན་ཁ་འབྱུང་བཞིན་པའི་ནད་རྟགས་ཤིག་རེད། དེ་མིན་དུས་ཡུན་རིང་པོར་ཚྭ་མང་པོ་སྤྱོད་པའི་མིའི་རུས་གཞི་སོབ་སོབ་ཏུ་འགྱུར་བ་དང་མཁལ་རྡོ་སོགས་ཀྱི་ནད་རྟགས་ཐོན་གྱིན་ཡོད། ཚྭ་ཟ་ཚད་མང་བའི་མི་རྣམས་ཀྱི་སེམས་སུ། རྒྱུན་པར་ཚྭ་མང་བའི་ཟ་མ་ཟོས་རྗེས་ཁ་སྐོམ་པ་དང་། ཆུ་མང་པོ་འཐུང་འདོད་པ་ནི་རྒྱུན་ལྡན་གྱི་སྣང་ཚུལ་དུ་ངོས་འཛིན་གྱིན་ཡོད། བརྟག་དཔྱད་ཞིབ་འཇུག་བྱས་པ་ལས་སྐོམ་ཆུ་མང་པོ་འཐུང་མཁན་གྱི་རིགས་ལ་ནད་རྟགས་འདྲ་མིན་འབྱུང་གིན་ཡོད། ཚྭ་ཟོས་རྗེས་སྐོམ་ཆུ་འཐུང་ན་ཚོ་གསོག་པ་དང་། སྙིང་ཁྲག་དང་གཅིན་སྙི་ཟ་ཁུའི་ནད་འབྱུང་བའི་ཉེན་ཁ་ཡོད། །

རྩོམ་སྒྲིག་པ། འབྲུག་མོ།