གནོན་ཤུགས་ཆེ་ན་གནོད་པ་གང་དག་ཡོད་དམ།
2019.07.12 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 39

གནོན་ཤུགས་ཐེབས་རྗེས་ཤ་གནད་འཕར་ཤུགས་ཇེ་མཐོར་འགྲོ་བ་རེད། དུས་ཡུན་རིང་པོར་ཤ་གནད་འཁུམ་ན་མགོ་ན་བ་དང་། མགོ་ལ་ན་ཟུག་གཏོང་བ། རུས་འབྱར་ཤ་གནད་ན་བ་སོགས་ཀྱི་ནད་རྟགས་ཡོད་པར་མ་ཟད། ད་དུང་གནོན་ཤུགས་ལ་བརྟེན་ནས་བསྐྱེད་པའི་སྐུལ་རྩི་ཇེ་ཉུང་དུ་འགྲོ་བའི་སྣང་ཚུལ་གྱིས། རུས་པའི་ནུས་པ་ཉམས་ཚད་ཇེ་མགྱོགས་སུ་འགྲོ་བ་དང་། རུས་པར་ཤུགས་རྐྱེན་ཐེབས་ནས་རུས་རྐང་ན་བའི་ནད་རིགས་འབྱུང་བ་རེད།

གནོན་ཤུགས་ཆེ་ན་གདོང་གི་སྐྱི་པགས་ལ་ཤུགས་རྐྱེན་ཐེབས་པ་རེད། གནོན་ཤུགས་ཆེ་ན་གདོང་ལ་བཙིར་རྨའི་རིགས་འབྱུང་སྲིད། ཀྲུང་ཧྭ་གསོ་རིག་ཞིབ་འཇུག་ཚོགས་པས་བསྒྲགས་པའི་བརྟག་དཔྱད་ཞིབ་འཇུག་ལྟར་ན། སེམས་འཚབ་པ་དང་། གནོན་ཤུགས་ཆེ་བ། ཁོང་ཁྲོ་ལངས་པ་སོགས་ལས་མི་མང་པོ་ཞིག་ལ་འབྲུམ་ཐོར་དང་ཟ་འཕྲུག་ལངས་པ་སོགས་སྐྱི་པགས་ཀྱི་ནད་རིགས་འབྱུང་བ་རེད།

མི་ལ་གནོན་ཤུགས་འོས་འཚམ་ཞིག་ལྡན་དགོས་ཟེར་བར་གནས་ལུགས་ཡོད་དམ།

གནོན་ཤུགས་ཟེར་བ་ནི“རལ་གྲི་ངོ་གཉིས་མ”ཞིག་དང་མཚུངས་ཏེ། མི་ལ་གནོན་ཤུགས་མེད་ན་བརྩོན་པ་མེད་ཅེས་པའི་དཔེ་བཞིན། གནོན་ཤུགས་འོས་འཚམ་གྱིས་ཁྱེད་ལ་གྲུབ་འབྲས་ཁྱད་པར་བ་ཞིག་བསྩལ་ཡོང་ངེས། དྲང་ཕྱོགས་ཀྱི་གནོན་ཤུགས་ཟེར་བ་དེར་ཚན་རིག་སྡེ་ཁག་གིས་དགེ་མཚན་ལྡན་པའི་གནོན་ཤུགས་སུ་འབོད་པ་དང་། ལེ་ལོ་དང་རྣམ་གཡེང་གི་ཕྱོགས་སུ་མི་འགྲོ་བར་རང་ཉིད་ཀྱི་དམིགས་འབེན་མངོན་འགྱུར་བྱེད་པར་དྲན་སྐུལ་བྱེད་ཐུབ་ལ། མི་ཚེ་དོན་ལྡན་དང་འཚོ་བར་ཡིད་ཆེས་ཡོད་པར་གཏོང་ཐུབ། སློབ་སྦྱོང་བྱེད་པར་སྒུལ་ཤུགས་ལྡན་ཚེ་མི་དོན་ལྡན་ཡོང་ཐུབ་པས། སེམས་ཁམས་སྙོམས་སྒྲིག་བྱས་ནས་དགེ་མཚན་ལྡན་པའི་ཕྱོགས་སུ་འབད་དགོས།

འོས་འཚམ་གྱི་གནོན་ཤུགས་ལྡན་ན་གསར་གཏོད་ཀྱི་ཆ་མང་པོ་ཡོད་པ་དང་། གནོན་ཤུགས་མེད་ན་སྒུལ་ཤུགས་མེད་པ་ལྟར། གནོན་ཤུགས་ཡོད་ཚེ་བྱ་བ་ལས་འདོད་ཀྱི་སྤྲོ་སེམས་འཕེལ་ནས་གསར་གཏོད་ཀྱི་རིག་པ་མང་དུ་འཕེལ་ཐུབ། ང་ཚོས་གནོན་ཤུགས་ལ་རྒོལ་ལན་སྤྲོད་པ་ལས་གནོན་ཤུགས་ཀྱིས་ང་ཚོར་ཚོད་འཛིན་བྱེད་དུ་འཇུག་མི་རུང་།

འོས་འཚམ་གྱི་གནོན་ཤུགས་ལྡན་ཚེ་ཁོར་ཡུག་དང་མཐུན་ཐབས་ཡོང་ཐུབ། ཡང་དང་བསྐྱར་དུ་གནོན་ཤུགས་ཅུང་ཆེ་བའི་གནས་ཚུལ་དང་འཕྲད་ཚེ། ལུས་ཕུང་སྦྱོང་བརྡར་རམ་སེམས་ཁམས་ལ་ཚོད་འཛིན་བྱེད་པའི་ནུས་པ་གསོ་སྐྱོང་བྱེད་དགོས་པ་ལས། སེམས་འཚབ་ནས་ཅི་བྱ་འདི་བྱ་མེད་པར་འགྱུར་མི་རུང་།

འོས་འཚམ་གྱི་གནོན་ཤུགས་ལྡན་ཚེ་མི་ཚེ་དོན་གཉེར་ཅན་དུ་གཏོང་ཐུབ། འཚོ་བ་ཧ་ཅང་སྐྱིད་པའི་སྐབས་སུ། ཁྱོད་ཀྱིས་མུ་མཐུད་དུ་འཚོ་བ་འདི་ལས་ཀྱང་སྐྱིད་པོ་ཡོང་ན་བསམས་ལ། འོས་འཚམ་གྱི་གནོན་ཤུགས་ལྡན་ཚེ་ཁྱོད་ཀྱི་བརྩོན་སེམས་ལ་རྒྱུན་ཆད་མེད་པར་སྐུལ་ལྕག་ཐེབས་ཏེ་སྤྱི་ཚོགས་དང་མཐུན་ཐབས་ཡོང་བར་བྱེད་ཐུབ།

འོས་འཚམ་གྱི་གནོན་ཤུགས་ནི་བདེ་ཐང་རྒྱུན་འཁྱོངས་བྱེད་པར་ཕན་པ་ཡོད། ཞིབ་འཇུག་ལས་མངོན་པ་ལྟར་ན། དུས་ཡུན་ཐུང་ངུའི་ནང་འོས་འཚམ་གྱི་གནོན་ཤུགས་ཀྱིས་མི་རྣམས་ཀྱི་འགོག་རྒོལ་ནང་རྐྱེན་བསླངས་ཏེ། མིའི་ལུས་ལ་རིམས་འགོག་མ་ལག་སྙོམས་སྒྲིག་བྱེད་པའི་རྫས་རིགས་བསྐྱེད་པར་འགྱུར་བ་དང་། རིམས་འགོག་ནུས་པ་ཡུན་ཐུང་ཙམ་དུ་མཐོར་འདེགས་གཏོང་ཐུབ། །

རྩོམ་སྒྲིག་པ། འབྲུག་མོ།