ཟླ་བདུན་པའི་ཚེས་བཅུ་ཉིན། རྒྱལ་ནང་གི་ཕྱོགས་བསྡུས་རང་བཞིན་གྱི་སྨན་བཅོས་དང་། ལུས་གསོ། རྒན་གསོའི་ཞབས་ཞུ་བཅས་གཞི་གཅིག་ཏུ་འདུས་པའི་བོད་ལུགས་གསོ་རིག་དང་རྒན་གསོ་ཟུང་འབྲེལ་གྱི་སྒྲིག་གཞི་ཐོག་མ་མཚོ་སྔོན་འཇིགས་མེད་བོད་ལུགས་གསོ་རིག་སྡེ་ཚོགས་ནས་སྒོ་བྱང་བཀལ་བ་རེད།
མཚོ་སྔོན་ནི་བོད་ལུགས་གསོ་རིག་དང་བོད་སྨན་རྒྱུན་འཛིན་མཉམ་འདུས་འཕེལ་རྒྱས་ཀྱི་ས་ཁུལ་ཞིག་ཡིན་ལ། མི་རིགས་སྨན་གཞུང་འདུས་གྲུབ་འཕེལ་རྒྱས་འབྱུང་ཡུལ་ཞིག་ཀྱང་ཡིན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་འཕེལ་རྒྱས་གཏོང་བར་ཚད་མཐོའི་མཐོང་ཆེན་བྱས་ནས་བྱེད་ཐབས་སྣ་ཚོགས་སྤྱད་པ་དང་། བོད་ལུགས་གསོ་རིག་དང་བོད་སྨན་འཕེལ་རྒྱས་ལ་རོགས་སྐྱོར་དང་སྐུལ་འདེད་བཏང་སྟེ། བོད་ལུགས་གསོ་རིག་དང་བོད་སྨན་ཞབས་ཞུའི་མ་ལག་འཐུས་སྒོ་ཇེ་ཚང་དུ་གཏོང་རྒྱུ་དེ་རྨང་གཞིའི་རང་བཞིན་གྱི་བཟོ་འགོད་ཞིག་ལ་བརྩིས་ནས་མ་དངུལ་འབོར་ཆེན་བཏང་བ་དང་ས་ཁོངས་ཀྱི་བཀོད་པ་གཅིག་གྱུར་འཆར་འགོད་བྱས་ཏེ་བོད་ལུགས་གསོ་རིག་དང་བོད་སྨན་གྱི་སྨན་བཅོས་སྒྲིག་གཞི་རིམ་པ་ཁག་དང་རིགས་སོ་སོའི་སྨན་བཅོས་སྒྲིག་གཞི་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་བཏང་བ་རེད།
མཚོ་སྔོན་འཇིགས་མེད་བོད་སྨན་སྡེ་ཚོགས་ནི་མཚོ་སྔོན་ཞིང་ཆེན་གྱི་གཙོ་གནད་བོད་སྨན་ཐོན་སྐྱེད་དང་། ཚན་ཞིབ་རྟེན་གཞི། རྒྱལ་ཁབ་ཀྱི་མཐོ་གསར་ལག་རྩལ་ཐོན་ལས་ཅན་གྱི་དཔེ་སྟོན་རྟེན་གཞི་བཅས་ཡིན་པ་དང་། སྨན་རྒྱུ་འདེབས་འཛུགས་ལས་སྣོན་དང་། བོད་སྨན། སྨན་བཅོས་ཞབས་ཞུ་བཅས་མཉམ་འདྲེས་བྱས་པ་བརྒྱུད་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གཞི་གཅིག་ཅན་གྱི་སྨན་བཅོས་མ་ལག་གསར་སྐྲུན་བྱས་ཡོད། བོད་ལུགས་གསོ་རིག་ཐོན་རྫས་ནང་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཐོན་རྫས་ཚུད་ཡོད་པ་དང་། སྣ་ཁ་མང་པོའི་བོད་སྨན་ལ་རྒྱལ་ཁབ་ཀྱི་ཆེད་ཁེ་དྲུག་ཅུ་ལྷག་ཙམ་ཐོབ་ཡོད། ཐོན་རྫས་མང་པོ་རྒྱལ་སྤྱིའི་གསར་གཏོད་ཀྱི་གསེར་གྱི་བྱ་དགའ་ཐོབ་པ་བཅས་ལས་གོ་ལ་ཧྲིལ་པོའི་ཕྱིར་ཚོང་དྲ་རྒྱའི་མ་ལག་ཞིག་ཆགས་ཡོད་པ་རེད། སྡེ་ཚོགས་ནང་བཙུགས་པའི་འཇིགས་མེད་བོད་སྨན་ནི་སྨན་བཅོས་དང་། སློབ་ཁྲིད། ཚན་ཞིབ། སྔོན་འགོག ཁམས་གསོའི་ཞབས་ཞུ་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རྣམ་པའི་བོད་ལུགས་གསོ་རིག་གི་སྨན་བཅོས་སྒྲིག་གཞི་ཞིག་ཡིན་པ་དང་། སྲོལ་རྒྱུན་གྱི་བོད་ལུགས་གསོ་རིག་གི་སྨན་བཅོས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་རྨང་གཞིའི་ཐོག་དེ་བས་བདེ་འཇགས་དང་། ནུས་ལྡན། ཚན་རིག་བཅས་ཀྱི་སྨན་བཅོས་བྱེད་སྟངས་བཏོན་པ་དང་། རྒྱལ་ཡོངས་ཀྱི་བོད་རིགས་ས་ཁུལ་ཆེ་གྲས་ལྔ་རུ་རྒྱུད་འབྲེལ་སྒོ་བསྟེན་སྨན་ཁང་བརྒྱ་ལྷག་ཙམ་བཙུགས་ཡོད། །
རྩོམ་སྒྲིག་པ། འབྲུག་མོ།