རྒྱལ་ཡོངས་ཀྱི་ཐུམ་འབུའི་ནད་འགོག་བཅོས་དང་ཞིབ་འཇུག་གི་གཙོ་གནད་ཚོད་ལྟའི་ཁང་ཐོག་མ་བོད་ལྗོངས་སུ་བཙུགས་པ།
2019.07.22 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 22

ཉེ་ལམ་གསར་འགོད་པས་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན།  རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་རིགས་པས་ཁུངས་སྐྱེལ་དང་ཆོག་མཆན་ཐོབ་པ་བརྒྱུད། ཐུམ་འབུའི་ནད་འགོག་བཅོས་དང་ཞིབ་འཇུག་གི་གཙོ་གནད་ཚོད་ལྟའི་ཁང་ཐོག་མ་བོད་ལྗོངས་སུ་བཙུགས་པ་རེད། གཙོ་གནད་ཚོད་ལྟའི་ཁང་བསྐྲུན་པ་དེས་ས་ཁོངས་རང་བཞིན་གྱི་འཕྲོད་བསྟེན་དང་ཐུམ་འབུའི་ནད་བཅོས་ལ་རྒྱབ་སྐྱོར་བྱས་ཏེ་མཚོ་བོད་མཐོ་སྒང་གི་ཐུམ་འབུའི་ནད་སྔོན་འགོག་དང་ཚོད་འཛིན་ལེགས་པོ་བྱེད་པར་ཚན་རྩལ་གྱི་འགན་ལེན་གལ་ཆེན་མཁོ་འདོན་བྱས་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན། ཐུམ་འབུའི་ནད་འགོག་བཅོས་དང་ཞིབ་འཇུག་གི་གཙོ་གནད་ཚོད་ལྟའི་ཁང་དེ་ནི་མིག་སྔའི་རྒྱལ་ཡོངས་ཀྱི་ཐུམ་འབུའི་ནད་འགོག་བཅོས་དང་ཞིབ་འཇུག་ཁྱབ་ཁོངས་ཀྱི་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟའི་ཁང་གཅིག་པུ་ཡིན་པ་དང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་བོད་རང་སྐྱོང་ལྗོངས་ཀྱིས་མཉམ་དུ་བསྐྲུན་པ་ཞིག་རེད། བོད་རང་སྐྱོང་ལྗོངས་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ད་ཡོད་ཀྱི་ཚན་ཞིབ་ཡོ་བྱད་སྒྲིག་ཆས་དང་ཞིབ་དཔྱད་ཚད་ལེན་ཀྱི་ལག་རྩལ་ལས་སྟེགས་ལ་བརྟེན་པ་དང་། བོད་རང་སྐྱོང་ལྗོངས་ཀྱི་ཐུམ་འབུའི་ནད་མཆེད་པ་དང་འགོག་བཅོས་ཀྱི་ད་ལྟའི་གནས་ཚུལ་ལ་གཞི་ཚུགས་པ། བོད་རང་སྐྱོང་ལྗོངས་ཀྱི་ཐུམ་འབུའི་ནད་འགོག་བཅོས་ཀྱི་འགག་རྩའི་ལག་རྩལ་ཞིབ་འཇུག་གི་ལྟེ་བར་བྱེད་པ་བཅས་བྱས་ནས། མཚོ་བོད་མཐོ་སྒང་གི་ཐུམ་འབུའི་ནད་མཆེད་པའི་ཆོས་ཉིད་དང་། བོད་ལུགས་གསོ་རིག་གི་སྨན་བཅོས། ནད་བརྟག་ལག་རྩལ་གསར་པ། ཕྱོགས་བསྡུས་སྔོན་འགོག་བྱ་ཐབས་སོགས་ཚན་རིག་གི་གནད་དོན་ལ་དམིགས་ཏེ་ཞིབ་འཇུག་བྱ་རྒྱུ་རེད། འཛུགས་སྐྲུན་ལོ་གསུམ་བྱས་པ་བརྒྱུད་ཐུམ་འབུའི་ནད་ཀྱི་གཙོ་གནད་ཚོད་ལྟའི་ཁང་དེ་ཐུམ་འབུའི་ནད་ཀྱི་བཀོལ་སྤྱོད་རྨང་གཞིའི་ཞིབ་འཇུག་དང་། འགོག་བཅོས་ལག་རྩལ་དང་དེ་བཞིན་འགོག་བཅོས་ཐོན་རྫས་ཞིབ་སྤེལ་ལྟེ་གནས། ཐུམ་འབུའི་ནད་ཀྱི་ནད་ཐོག་ནད་བརྟག་སྨན་བཅོས་ཀྱི་ལག་རྩལ་དང་བོད་ལུགས་གསོ་རིག་གསར་སྤེལ་ལྟེ་གནས་བཅས་སུ་གྱུར་ཏེ། མཚོ་བོད་མཐོ་སྒང་གི་ཐུམ་འབུའི་ནད་ཀྱི་རིམས་ནད་རིག་པ་ཞིབ་འཇུག་དང་སྔོན་འགོག་ཚོད་འཛིན་གྱི་ཐབས་ཇུས་དང་། མཐོ་གྲང་དང་ས་བབ་མཐོ་བའི་ས་ཁུལ་གྱི་ཐུམ་འབུའི་ནད་སྔོན་འགོག་ཚོད་འཛིན་གྱི་ལག་རྩལ་ཐོན་རྫས་ཞིབ་སྤེལ་སོགས་རྒྱལ་ཡོངས་ཀྱི་སྔོན་ཐོན་ཆུ་ཚད་དུ་སླེབས་རྒྱུ་མ་ཟད། བོད་ལུགས་གསོ་རིག་གིས་ཐུམ་འབུའི་ནད་སྨན་བཅོས་བྱེད་པའི་ཐད་རྒྱལ་ནང་གི་སྔོན་ཐོན་ཆུ་ཚད་དུ་སླེབས་རྒྱུ་རེད།

ཐུམ་འབུའི་ནད་ནི་མི་ཕྱུགས་གཉིས་ཀར་མཉམ་དུ་འགོ་བའི་གཞན་བརྟེན་སྲིན་འབུའི་ནད་རིགས་ཤིག་རེད། དེའི་རྒྱུན་མཐོང་གི་རྣམ་པའི་གྲས་སུ་ཆུ་ཐོར་རིགས་ཀྱི་ཐུམ་འབུའི་ནད་ནི་འཆི་ཚད་མཐོ་བའི་ནད་གཞི་ཞིག་ཡིན་པ་དེར“འབུ་སྐྲན”ཞེས་བརྗོད་ཀྱིན་ཡོད། ནད་གཞི་དེ་འབྱུང་སྐབས་ནད་པའི་མཆིན་པ་དང་། གློ་བ། ཀླད་པ། རུས་པ་སོགས་ཧ་ལམ་དབང་པོ་ཆ་ཚང་དང་གྲུབ་ཆ་ཚང་མར་གནོད་སྐྱོན་བཟོ་སྲིད། ཐུམ་འབུའི་ནད་ཚོད་འཛིན་ནུས་ལྡན་ཐུབ་ཚེ། མཚོ་བོད་མཐོ་སྒང་གི་མི་དམངས་མང་ཚོགས་ནད་གཞིས་རྐྱེན་པས་དབུལ་བོར་འགྱུར་བ་དང་ནད་གཞིས་རྐྱེན་པས་ཡང་བསྐྱར་དབུལ་བོར་འགྱུར་བའི་གནས་ཚུལ་ཐག་གཅོད་ཐུབ་པ་དང་། དེ་བཞིན་དབུལ་ཐར་མཁྲེགས་གཏོར་ལས་དོན་གྱི་དམིགས་ཚད་འགྲུབ་པར་ནུས་པ་གལ་ཆེན་ཐོན་སྲིད། དེར་མ་ཟད་སྤྱི་ཚོགས་ཀྱི་བརྟན་ལྷིང་དང་འཕེལ་རྒྱས་ལ་སྲུང་སྐྱོང་དང་། ས་གནས་ཀྱི་དཔལ་འབྱོར་འཛུགས་སྐྲུན་ལ་སྐུལ་འདེད། མི་དམངས་མང་ཚོགས་ཀྱི་བདེ་ཐང་འགན་ལེན་བཅས་ལ་ནུས་པ་བཟང་པོ་ཐོན་ཐུབ།

རྩོམ་སྒྲིག་པ། འབྲུག་མོ།