མཆིན་པ་ཚིལ་འགྱུར་གྱི་ནད་འབྱུང་སླ་བའི་མི་ཚོགས།
2019.07.22 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

ཉེ་བའི་ལོ་འདི་འགར། རང་རྒྱལ་དུ་མཆིན་པ་ཚིལ་འགྱུར་གྱི་ནད་པ་ཇེ་མང་ནས་ཇེ་མང་དུ་སོང་སྟེ། འབྱུང་ཚད་བརྒྱ་ཆའི་ཉི་ཤུ་ནས་བརྒྱ་ཆའི་སུམ་ཅུ་རུ་སླེབས་ཡོད་ལ། དེས་ནད་དུག་རང་བཞིན་གྱི་མཆིན་ཚད་ཀྱི་ཚབ་བྱས་ཏེ་མཆིན་པའི་ནད་ཀྱི་འབྱུང་ཚད་ཆེས་མཐོན་པོར་གྱུར་ཡོད།

མཆིན་པ་ཚིལ་འགྱུར་ནི་མཆིན་པའི་ཕྲ་ཕུང་གི་ངོ་བོ་འགྱུར་བའམ་ཡང་ན་ཚིལ་སྣ་ཚད་ལས་བརྒལ་བ་ལས་བྱུང་བའི་ནད་ཐོག་ཕྱོགས་བསྡུས་ནད་རྟགས་ཤིག་རེད།

རྒྱུན་ལྡན་གྱི་གནས་ཚུལ་འོག མཆིན་པའི་ནང་གི་ཚིལ་སྣ་འདུས་ཚད་མཆིན་པའི་ལྗིད་ཚད་ཀྱི་བརྒྱ་ཆའི་གསུམ་ནས་བརྒྱ་ཆའི་ལྔ་ལས་བརྒལ་མི་སྲིད། གལ་ཏེ་ལུས་པོར་ཚོ་རྒྱས་པ་དང་འཚོ་བཅུད་སྙོམས་སྒྲིག་མ་ཡོང་བའི་དབང་གིས་མཆིན་པས་ཚིལ་ཞག་འདོར་ལེན་བྱེད་པར་གཏོར་བརླག་ཐེབས་ཏེ། རྒྱུན་ལྡན་མིན་པའི་སྒོ་ནས་ཚིལ་ཞག་མང་པོ་མཆིན་པའི་ཕྲ་ཕུང་གི་ནང་དུ་གསོག་འཇོག་བྱས་པ་དང་། མཆིན་པའི་ནང་གི་ཚིལ་ཞག་འདུས་ཚད་མཆིན་པའི་ལྗིད་ཚད་ཀྱི་བརྒྱ་ཆའི་ལྔ་ལས་བརྒལ་ན་མཆིན་པ་ཚིལ་འགྱུར་གྱི་ནད་དུ་གྱུར་བ་རེད།

ཚིལ་ཞག་གི་འདུས་ཚད་མཆིན་པའི་ལྗིད་ཚད་ཀྱི་བརྒྱ་ཆའི་ལྔ་ནས་བཅུ་ཡིན་པའི་སྐབས་སུ་མཆིན་པ་ཚིལ་འགྱུར་གྱི་ནད་པ་ཡང་མོའི་ཁོངས་སུ་གཏོགས་ཤིང་། བརྒྱ་ཆའི་བཅུ་ནས་ཉི་ཤུའི་བར་ཡིན་ན་འབྲིང་ཙམ་དང། བརྒྱ་ཆའི་ཉེར་ལྔ་ལས་བརྒལ་ན་མཆིན་པ་ཚིལ་འགྱུར་གྱི་ནད་པ་ལྗིད་མོའི་ཁོངས་སུ་གཏོགས་པ་རེད།

ནད་པ་ཡང་མོ་དང་འབྲིང་ཙམ་གྱི་སྐབས་སུ་གནས་པའི་མཆིན་པ་ཚིལ་འགྱུར་གྱི་ནད་པར་འཚམས་ལན་རེར་ངལ་དུབ་འབྱུང་བ་ལས་ནད་རྟགས་གཞན་པ་གང་ཡང་མེད་ལ། ནད་བབ་ལྗིད་མོར་གྱུར་རྗེས་ད་གཟོད་ཟས་ལ་ཡི་ག་མེད་པ་དང་ཐང་ཆད་པ། སྐྱུགས་མེར་ལངས་པ། གསུས་ཁོག་ན་བ་སོགས་ཀྱི་ནད་རྟགས་མངོན་སྲིད།

མཆིན་པ་ཚིལ་འགྱུར་ནི་ལྡོག་འགྱུར་འབྱུང་སླ་བའི་ནད་རིགས་ཤིག་ཡིན་མོད། འོན་ཀྱང་མཆིན་པ་ཚིལ་འགྱུར་གྱིས་མཆིན་པའི་བྱེད་ནུས་ལ་གནོད་འཚེ་ཐེབས་པ་དང་། དུས་ཐོག་ཏུ་གསོ་བཅོས་མ་བྱས་ན། མཆིན་པ་ཚིལ་འགྱུར་གྱི་ནད་དེ་མཆིན་པའི་གཉན་ཚད་དུ་འགྱུར་བ་དང་། དུས་ཡུན་རིང་པོ་འགོར་ན། མཆིན་པའི་ནང་གི་ཚིལ་ཞག་ཇེ་མང་ནས་ཇེ་མང་དུ་གྱུར་ཏེ། མཆིན་པ་སྲ་འགྱུར་དང་མཆིན་པའི་འབྲས་སྐྲན་སོགས་སུ་འགྱུར་སྲིད།

དུས་རྒྱུན་གྱི་འཚོ་བའི་ཁྲོད་གཤམ་གྱི་མི་ཚོགས་འདིའི་རིགས་ལ་མཆིན་པ་ཚིལ་འགྱུར་གྱི་ནད་འབྱུང་སླ་བ་སྟེ།

གཅིག ཚོ་དྲགས་པའི་མི།

ཚོ་དྲགས་པ་ནི་མཆིན་པ་ཚིལ་འགྱུར་འབྱུང་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན།

ཚིལ་ཞག་ཟ་ཚད་ཇེ་མང་དུ་འགྲོ་བའི་སྐབས་སུ། མཆིན་པའི་ནང་གི་ཚིལ་འདྲེན་སྤྲི་དཀར་གྱིས་ཚིལ་ཞག་སྐྱེལ་འདྲེན་བྱེད་མ་ཐུབ་པས། ཚིལ་ཞག་མང་པོ་མཆིན་པའི་ནང་དུ་གསོག་འཇོག་བྱས་ཏེ་ཚོ་དྲགས་པའི་རང་བཞིན་གྱི་མཆིན་པ་ཚིལ་འགྱུར་བྱུང་བ་ཡིན།

མཆིན་པའི་ནང་དུ་ཚིལ་ཞག་གསོག་པའི་ཚད་དང་ལུས་པོའི་ལྗིད་ཚད་ཇེ་མཐོར་སོང་ན། ཚོ་དྲགས་པའི་རང་བཞིན་གྱི་མཆིན་པ་ཚིལ་འགྱུར་འབྱུང་སླ།

གཉིས། ཆང་འཐུང་རྒྱུར་དགའ་བ།

རྒྱུན་དུ་ཆང་འཐུང་བའི་མི་ལ་ཆང་བཅུད་རང་བཞིན་གྱི་མཆིན་པ་ཚིལ་འགྱུར་གྱི་ནད་འབྱུང་སླ། རྒྱུ་མཚན་ནི་ཁོ་ཚོའི་མཆིན་པ་ནམ་ཡང་ཆང་བཅུད་ཀྱི་ནང་དུ་སྦང་ཡོད་པས་རེད། སྡོམ་རྩིས་ལས་དབྱེ་ཞིབ་བྱས་པ་ལྟར་ན། ཉིན་རེར་ཆང་ཁེ་བརྒྱད་ཅུ་ནས་བརྒྱ་དང་དྲུག་ཅུ་འཐུང་བའི་མི་ལ་ཆང་བཅུད་རང་བཞིན་གྱི་མཆིན་པ་ཚིལ་འགྱུར་འབྱུང་བའི་ཚད་ལྡབ་ལྔ་ནས་ཉེར་ལྔ་ཡིས་མཐོ་བ་རེད།

གསུམ། གཅིན་སྙི་ཟ་ཁུའི་ནད་པ།

མཆིན་པ་ཚིལ་འགྱུར་ནི་ལུས་པོར་ཚོ་རྒྱས་པར་འབྲེལ་བ་ཡོད་པར་མ་ཟད། སྣུམ་ལྡན་ཟས་རིགས་དང་ཡང་ན་ཀ་ར་འདུས་པའི་ཟས་རིགས་མང་དུ་ཟོས་པར་ཡང་འབྲེལ་བ་དམ་པོ་ཡོད། ཆེས་གསར་པའི་སྡོམ་རྩིས་ཀྱི་གཞི་གྲངས་ལྟར་ན། གཅིན་སྙི་ཟ་ཁུའི་ནད་པའི་ཁྲོད་ཀྱི་བརྒྱ་ཆའི་ང་བརྒྱད་ལ་མཆིན་པ་ཚིལ་འགྱུར་གྱི་ནད་ཡོད་པ་རེད།

བཞི།འཚོ་བཅུད་ཀྱིས་མ་འདང་བའི་མི།

ཟས་རིགས་ཀྱི་ཟ་ཚད་མི་འདང་བ་དང་ཡང་ན་འཇུ་བྱེད་མ་ལག་གི་ནད་ཡོད་པའི་དབང་གིས་འཚོ་བཅུད་ཀྱིས་མ་འདང་ན། ལུས་སྟེང་གི་ཚིལ་འདྲེན་སྤྲི་དཀར་ཇེ་ཉུང་དུ་སོང་བས། ཚིལ་ཞག་མང་པོ་མཆིན་པའི་ནང་དུ་གསོག་འཇོག་བྱེད་སླ།

ལྔ། མྱུར་མོར་ཚོ་བྱང་དུ་བཅུག་པ།

ཟས་རིགས་ཉུང་བཟའ་བྱེད་པ་དང་སྔོ་ཚོད་ལས་ཤའི་རིགས་མི་བཟའ་བ། ཚད་ལས་བརྒལ་ཏེ་ལུས་སྦྱོང་བྱེད་པ་བཅས་དང་། གཞན་ད་རུང་མྱུར་མོར་ཚོ་བྱང་བའི་བྱེད་ཐབས་སྣ་ཚོགས་བཏོན་ན། ལུས་སྟེང་དུ་མངར་ཆས་མི་འདང་བའི་དབང་གིས་དུས་ཡུན་ཐུང་ངུའི་ནང་ཚིལ་ཞག་ཇེ་མང་དུ་འགྲོ་བ་རེད། དེང་སྐབས་ན་གཞོན་བུད་མེད་རྣམས་ལ་མཆིན་པ་ཚིལ་འགྱུར་གྱི་ནད་འབྱུང་ཚད་ཇེ་མཐོར་འགྲོ་བ་ནི་མྱུར་མོར་ཚོ་བྱང་དུ་བཅུག་པ་དང་འབྲེལ་བ་དམ་པོ་ཡོད།

དྲུག སྨན་རྫས་གང་འདོད་དུ་བསྟེན་པ།

ཁོང་བསྟེན་སྨན་འཐུང་རྗེས་མཆིན་པས་དུག་འདོན་བྱེད་ཀྱིན་ཡོད་པས། སྨན་རྫས་ཁ་ཤས་སུ་འདུས་པའི་རྫས་འགྱུར་དུག་དངོས་ཀྱིས་མཆིན་པར་གནོད་འཚེ་གཏོང་བ་དང་། མཆིན་པས་སྤྲི་དཀར་འདོར་ལེན་བྱེད་པར་གཏོར་བརླག་གཏོང་སྲིད་པས། ཡུན་རིང་པོར་གང་འདོད་དུ་སྨན་བསྟེན་ན་སྨན་རྫས་རང་བཞིན་གྱི་མཆིན་པ་ཚིལ་འགྱུར་འབྱུང་ཚད་ཇེ་མཐོར་འགྲོ་བ་རེད།

གསོ་བཅོས་བྱེད་ཐབས།

གཅིག གོམས་སྲོལ་ངན་པ་བསྒྱུར་དགོས།

འཚོ་བཅུད་མང་དྲགས་པའམ་ལུས་པོ་ཚོ་དྲགས་པའི་མིས་བཟའ་བཏུང་ལ་ཚོད་འཛིན་བྱེད་རྒྱུ་ནི་ཚོ་དྲགས་པའི་རང་བཞིན་གྱི་མཆིན་པ་ཚིལ་འགྱུར་གསོ་བཅོས་བྱེད་པའི་ཐབས་ལམ་ནུས་ལྡན་ཞིག་ཡིན།

རྒྱུན་དུ་ཆང་འཐུང་བ་ལས་བྱུང་བའི་ཆང་བཅུད་རང་བཞིན་གྱི་མཆིན་པ་ཚིལ་འགྱུར་གསོ་བཅོས་བྱེད་དགོས་ན། ངེས་པར་དུ་ཆང་གཅོད་དགོས་ལ། མཆིན་པ་ཚིལ་འགྱུར་དང་བསྡོངས་ནས་གཅིན་སྙི་ཟ་ཁུའི་ནད་བྱུང་ཡོད་པའི་ནད་པས་ཁྲག་ཧྭགས་དང་ཁྲག་ཚིལ་ལུགས་མཐུན་གྱིས་ཚོད་འཛིན་བྱས་ཏེ། གཤེར་མའི་ཕུང་རྩིའི་འགོག་ཚད་ཇེ་ལེགས་སུ་གཏོང་དགོས།

གཉིས། ཟས་རིགས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱེད་དགོས།

ཚིལ་ཞག་མང་བའི་ཟས་རིགས་དང་ཀ་ར་འདུས་ཚད་མཐོ་བའི་ཟས་རིགས་བཟའ་བར་ཚོད་འཛིན་བྱེད་དགོས་པར་མ་ཟད། ཚ་བའི་ཟས་རིགས་ཉུང་བཟའ་བྱས་ཏེ། དུས་རྒྱུན་སྤྲི་དཀར་དང་འཚོ་བཅུད་འདུས་ཚད་མཐོ་བར་མ་ཟད་ཀ་ར་དང་ཚིལ་ཞག་ཉུང་བའི་ཟས་རིགས་བདམས་ནས་བཟའ་དགོས།

གསུམ། ལུས་སྦྱོང་བྱེད་ཚད་ཇེ་མང་དུ་གཏོང་དགོས།

དབྱང་ལྡན་འགུལ་སྐྱོད་ནི་ལུས་པོའི་ལྗིད་ཚད་ཇེ་དམའ་རུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན། དཔེར་ན་གཟའ་འཁོར་རེར་དལ་མོར་རྒྱུག་པ་དང་མྱུར་མོར་འགྲོ་བ། ཐའེ་ཅི་དང་ཡོ་ག་སྦྱོང་བ། ཞབས་བྲོ་འཁྲབ་པ། ཆུར་རྐྱལ་བ་སོགས་ཀྱི་ལུས་སྦྱོང་ཐེངས་གསུམ་ཡན་བྱེད་དགོས་ཤིང་། འགུལ་སྐྱོད་ཉུང་ཉུང་བྱེད་པ་ནས་རིམ་གྱིས་ཇེ་མང་དུ་བཏང་སྟེ་དུས་ཡུན་སྐར་མ་སུམ་ཅུ་ལྷག་ལ་ཚད་དང་རན་པའི་འགུལ་སྐྱོད་བྱེད་དགོས།

གཅིན་སྙི་ཟ་ཁུའི་ནད་དང་བསྡོངས་པའི་ནད་པས་ལུས་སྦྱོང་བྱེད་པའི་སྐབས་སུ་ཁྲག་ཧྭགས་དམའ་བར་མཉམ་འཇོག་དགོས་པ་དང་། སྨན་འཐུང་བའི་སྐབས་སུ་དུག་ལྡན་དང་ཞོར་སྐྱོན་ཡོད་པའི་སྨན་འཐུང་མི་རུང་ལ། གང་འདོད་དུ་མཆིན་པ་གསོ་བའི་སྨན་དང་ལུས་ཁམས་གསོ་བའི་སྨན་སོགས་འཐུང་མི་རུང་།

བཞི། སྨན་འཐུང་ནས་གསོ་བཅོས་བྱེད་དགོས།

ཀྲོན་ཨེར་མའེ(转氨酶)མངོན་གསལ་གྱིས་ཇེ་མཐོར་སོང་ཡོད་པའི་ནད་པ་དུས་ལྟར་སྨན་ཁང་དུ་སོང་ནས་གསོ་བཅོས་བྱེད་དགོས་པ་དང་། བརྟག་དཔྱད་བྱས་རྗེས་སྨན་པའི་མངག་བཀོད་འོག་ད་གཟོད་མཆིན་པ་གསོ་བའི་སྨན་འཐུང་བ་དང་། ཟླ་གསུམ་ནས་དྲུག་ནང་ཡང་བསྐྱར་བརྟག་དཔྱད་བྱེད་དགོས།

མཆིན་པ་ཚིལ་འགྱུར་གྱི་ནད་དང་རིང་དུ་གྱེས་འདོད་ན། ངེས་པར་དུ“ཁ་འཛེམ་པ་དང་དང་ཚེགས་ཡང་པོ”བྱེད་དགོས། བཟའ་བཏུང་དང་འཚོ་བའི་གོམས་སྲོལ་ལེགས་པོ་གསོ་སྐྱོང་བྱས་ན། ད་གཟོད་མཆིན་པའི་ཚིལ་ཞག་འདོར་ཐུབ་བོ། 

རྩོམ་སྒྲིག་པ། འབྲུག་མོ།