རྒྱལ་ཁབ་རིམ་པའི་བོད་ལུགས་གསོ་རིག་མཁས་དབང་ཨ་ཁུ་བསྟན་ཁོ་མཆོག་གི་རྗེས་དྲན་ཚོགས་འདུ་ཟི་ཁྲོན་མཛོད་དགེ་ནས་བསྡུས།
2019.07.22 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 0

སྤྱི་ཟླ་བདུན་པའི་ཚེས་བཅུ་དགུའི་ཉིན། རྒྱལ་ཁབ་རིམ་པའི་བོད་ལུགས་གསོ་རིག་མཁས་དབང༧རྗེ་བསྟན་འཛིན་དོན་གྲུབ་མཆོག་གི་རྗེས་དྲན་ཚོགས་འདུ་དང་ཁོང་གི་རིག་གཞུང་བསམ་བློ་དང་ལག་ལེན་བརྒྱུད་འཛིན་གྱི་བགྲོ་གླེང་ཚོགས་འདུ་མཛོད་དགེ་ནས་འཚོགས། སི་ཁྲོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཐག་གཅོད་པའི་བློ་འདྲིའི་ཨུ་ལྷན་གྱི་འགན་གཙོ་གཞོན་པ་ཚེ་དཔག་སྐྱབས་དང་།རྔ་བ་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཨོ་དབྱང་མེའུ། རྔ་བ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ།རྔ་བ་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་སྐལ་བཟང་ཐུབ་བསྟན་ལེགས་བཤད་རྒྱ་མཚོ། མཛོད་དགེ་རྫོང་ཏང་ཨུའི་ཧྲུའུ་ཅི་ཚེ་བརྟན་སོགས་འགོ་ཁྲིད་དང་ཆེད་མཁས་པ་ཚོགས་འདུར་ཞུགས།དེ་མིན་པེ་ཅིན་དང་མཚོ་སྔོན། ཀན་སུའུ་སོགས་ནས་ཕེབས་པའི་བོད་ལུགས་གསོ་རིགས་ཀྱི་སྐུ་ཚབ་བརྒྱ་ལྷག་ཚོགས་འདུར་ཞུགས།

རྒན་བསྟན་ཁོ་མཆོག་ནི1933ལོར་སི་ཁྲོན་མཛོད་དགེར་སྐུ་འཁྲུངས་ཤིང་། ཆུང་དུས་ནས་གྲྭ་སར་ཞུགས་ནས་མདོ་སྔགས་རིག་གནས་ཀུན་ལ་སྦྱངས་བ་མི་དམན་པ་བྱས། སྒོས་སུ་བླ་བྲང་བཀྲིས་འཁྱིལ་དུ་ཚད་མ་སོགས་གཞུང་ཆེན་པོ་ཏི་ལྔ་ལ་སློབ་གཉེར་གནང་ཞིང་དགེ་རྒན་བཀའ་དྲིན་ཅན་མང་པོའི་ཞབས་འོག་ནས་བོད་ཀྱི་གསོ་བ་རིག་པ་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ནས་ཏག་ཏག་ལོ་ངོ་70ཙམ་ལ་བོད་ཀྱི་གསོ་རིག་ཞིབ་འཇུག་དང་གཞི་རིམ་དུ་བསྐྱོད་ནས་མང་ཚོགས་ཁྲི་སྟོང་མང་པོའི་ནད་ལ་བལྟས་པ་དང་སྨན་བཅོས་དགེ་སྒྲུབ་ཀྱི་བྱ་བ་རླབས་ཆེན་བསམ་གྱིས་མི་ཁྱབ་པ་མང་པོ་སྤེལ་ནས་། བོད་སྤྱིའི་གསོ་རིག་འཕེལ་རྒྱས་ལ་བྱས་རྗེས་བླ་ན་མེད་པ་བཞག ཁོང་ལ་རྒྱལ་ཁབ་དང་ཞིང་ཆེན།ཁུལ་སོགས་ཕྱོགས་སོ་སོའི་འགོ་ཁྲིད་ཀྱི་ཐུགས་ཁུར་དང་རྒྱབ་སྐྱོར་གང་མང་ཐོབ་འོག རིན་ཆེན་མང་སྦྱོར་སོགས་བོད་སྨན་རྩ་ཆེན་གསར་བཟོ་དང་།<<བོད་ལུགས་གསོ་རིག་གི་ནད་ཐོག་དངོས་བཅོས་ཀྱི་ཉམས་མྱོང་བདམས་བཀོད།>> <<བོད་སྨན་སྦྱོར་ལུགས་1500>> <<བོད་སྨན་ཞིབ་འཇུག་བྱེད་ཐབས་ལྷན་བསྡུས>>སོགས་ཆེད་ལས་བརྩམས་ཆོས་བགྲང་ལས་འདས་པ་མིག་མཐོང་ལག་ཟིན་དུ་མངོན་པར་བཞུགས་ཡོད། དེ་བཞིན་ཁོང་གིས་སྨན་བཅོས་ཀྱི་ཞོར་དུ་ས་ཆ་མང་པོར་ཕེབས་ནས་གསོ་རིག་སློབ་ཁྲིད་དང་མཉམ་མྱོང་སོགས་བུམ་པ་གང་བྱོའི་ཚུལ་དུ་སློབ་བུ་རྣམས་ལ་གནང་བས། བོད་ཁམས་ཀྱི་ས་ཆ་སོ་སོར་ཁོང་གི་སློབ་མ་དང་རྗེས་འཇུག་པ་ཆར་རྗེས་ཀྱི་ཤ་མོ་རྡོལ་བ་ནང་བཞིན་མང་པོ་བྱུང་ནས་བོད་ཀྱི་གསོ་བ་རིག་པ་བརྒྱུད་འཛིན་དང་དར་སྤེལ་ལ་བྱས་རྗེས་བཞག་དང་འཇོག་བཞིན་ཡོད། ལྷག་པར་དུ་1979ལོར་མཛོད་དགེ་བོད་སྨན་ཁང་གསར་དུ་བཙུགས་ནས་བོད་ལུགས་གསོ་རིགས་འཕེལ་རྒྱས་ཆེན་པོ་བྱུང་བ་ནི་ད་ལྟ་ང་ཚོས་མཐོང་ཐུབ་པ་ཞིག་རེད། ཁོང་ནི་ངེས་པ་དོན་གྱི་བོད་ཀྱི་རིག་གནས་དང་སྒོས་སུ་བོད་ལུགས་གསོ་རིག་ལ་བྱས་རྗེས་བསམ་གྱི་མི་ཁྱབ་པ་བཞག་སྟེ་རང་ཉིད་ཀྱི་སྐུ་ཚེ་གང་བོ་གསོ་རིག་ལ་ཕུལ།།

རེབ་འདིར་རྒྱལ་ཁབ་རིམ་པའི་བོད་ལུགས་གསོ་རིག་མཁས་དབང༧རྗེ་བསྟན་འཛིན་དོན་གྲུབ་མཆོག་གི་རྗེས་དྲན་ཚོགས་འདུ་དང་ཁོང་གི་རིག་གཞུང་བསམ་བློ་དང་ལག་ལེན་བརྒྱུད་འཛིན་གྱི་བགྲོ་གླེང་ཚོགས་འདུ་བསྡུས་པ་ནི་ཁོང་གི་རླབས་ཆེ་བའི་བསམ་བློ་དར་སྤེལ་དང་།བོད་ཀྱི་གསོ་རིག་བྱ་བཞག་རྒྱུན་འཛིན། བོད་གསོ་རིག་གི་སྤྱིའི་ཆུ་ཚད་འཕེལ་རྒྱས་གཏོང་ཆེད་ཡིན་ལ། ཕྱོགས་ཡོངས་ནས་བོད་གསོ་རིག་གི་ནད་ཐོག་སྨན་བཅོས་ཀྱི་ནུས་རྩལ་འཕེལ་རྒྱས་དང་བོད་ཀྱི་གསོ་བ་རིག་པའི་ཐད་ཀྱི་འཇོན་མི་གསོ་སྐྱོང་དང་བརྒྱུད་འཛིན། སྔོགས་འདོན། བཅོས་སྒྲིག་དང་དར་སྤེལ་ལ་དོན་སྙིང་བླ་ལྷག་ལྡན།

རྒན་བསྟན་ཁོ་ལགས་ནས་སྔ་གཞུག་དུ་རྒྱལ་ཁབ་རིམ་པ་དང་ཞིང་ཆེན། ཁུལ་སོགས་ནས་གཟེངས་རྟགས་གང་མང་ཐོབ་་པ་དང་། རྒྱལ་ཡོངས་འཕྲོད་བསྟེན་སྔོན་ཐོན་དཔེ་ལེགས་མི་སྣ་དང་། རྒྱལ་ཡོངས་ཀྱི་དཔལ་ཡོན་སྨན་པ། སི་ཁྲོན་མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་སྔོན་ཐོན་མི་སྣ། རྒྱལ་ཡོངས་སྐབས་དང་པོ་དང་གཉིས་པ། གསུམ་པ་བཅས་ཀྱི་ཀྲུང་ལུགས་གསོ་རིག་ཆེད་མཁས་རིག་གཞུང་ཉམས་མྱོང་གི་དགེ་རྒན་ཆེན་མོ། ཞིང་ཆེན་རིམ་པའི་དགེ་རྒན། འཕྲོད་བསྟེན་པུའུ་བོད་སྨན་ཆེད་མཁས་པ་བཅས་ཀྱི་མིང་ཐོབ་དང་། སྐབས་བདུན་པ་དང་བརྒྱད་པའི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི། ཀྲུང་གོའི་གསོ་རིག་སྨན་རྫས་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། སི་ཁྲོན་ཞིང་ཆེན་ཀྲུང་ལུགས་ཆེད་ལས་ལག་རྩལ་མཐོ་རིམ་གོ་ཐོབ་ཞིབ་བཤེར་མི་རིགས་ཚོགས་པའི་ཚོགས་གཙོ། སི་ཁྲོན་ཞིང་ཆེན་གྱི་སྨན་པ་གྲགས་ཅན་དང་། སི་ཁྲོན་ཞིང་ཆེན་སྨན་པ་ཆེན་པོ་བཅུའི་ནང་གི་སྨན་པ། རྒྱལ་ཡོངས་ཀྲུང་ལུགས་ཆེད་མཁས་རིག་གཞུང་ཉམས་ལེན་རྒྱུན་འཛིན་ལས་ཀའི་ཕུལ་བྱུང་སྣེ་ཁྲིད་དགེ་རྒན། རྒྱལ་སྤྱིའི་བོད་ཀྱི་གསོ་རིག་རིག་གཞུང་ཚོགས་པའི་ལག་བསྟར་ཀྲུའུ་ཞི་གཞོན་པ། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་མཚན་འཛིན་ཡོན་ཀྲང་། མཚོ་སྔོན་བོད་སྨན་ཁང་གི་མཚན་འཛིན་སློབ་དཔོན་ཆེན་མོ། ཀན་སུའུ་ཀྲུང་ལུགས་གསོ་རིག་སློབ་གླིང་གི་མཚན་འཛིན་སློབ་དཔོན། ཁྲི་འདུ་ཀྲུང་ལུགས་གསོ་རིག་སློབ་ཆེན་གྱི་མཚན་འཛིན་སློབ་དཔོན་ཆེན་མོ། རྔ་བ་ཁུལ་བོད་སྨན་ཁང་གི་ཡོན་ཀྲང་། བོད་སྨན་ཞིབ་འཇུག་ཁང་གི་དབུ་ཁྲིད། མཛོད་དགེ་བོད་སྨན་ཁང་དང་བོད་སྨན་ཞིབ་འཇུག་ཁང་གི་དབུ་ཁྲིད་བཅས་ཡིན།

རྩོམ་སྒྲིག་པ། འབྲུག་མོ།