སེམས་ཁམས་དྭངས་ན་འབྱུང་ཁམས་བདེ། 
2019.08.12 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 27

དེང་རབས་སྤྱི་ཚོགས་ཀྱི་འཚོ་བ་དང་བྱ་བའི་འགྲོས་ཉིན་བཞིན་ཇེ་མགྱོགས་སུ་སོང་བ་དང་བསྟུན་ནས། མི་མང་པོ་ཞིག་ལ་སེམས་ཁམས་ཀྱི་གནོན་ཤུགས་ཆེན་པོ་འབྱུང་བཞིན་ཡོད། བདེ་ཐང་གི་སེམས་ཁམས་ཤིག་ཡོད་ཚེ་འཚོ་བ་དང་བྱ་བའི་ཁྲོད་ཀྱི་འགྲན་སློང་སྣ་ཚོགས་ལ་གདོང་གཏོད་ཐུབ། འོ་ན་སེམས་ཁམས་བདེ་ཐང་ཟེར་བ་དེ་ག་འདྲ་ཞིག་ལ་ངོས་འཛིན་གྱིན་ཡོད་ཅེ་ན། སེམས་ཁམས་བདེ་ཐང་ཡོང་བར་ཕྱི་ནང་གཉིས་ཀར་ལྟ་རྟོག་བྱེད་དགོས་ལ། ཕྱི་ཕྱོགས་སུ་མིའི་བར་གྱི་འབྲེལ་བ་ལེགས་པོ་ཡོད་པ་དང་བྱ་སྤྱོད་ཚད་ལྡན་ཡིན་དགོས། ནང་ཕྱོགས་སུ་བློ་ཡིད་ཚིམ་པའི་སྤོབས་པས་ཁེངས་ཚེ་སེམས་ཁམས་རྒྱུན་ལྡན་ཡིན། བྱ་སྤྱོད་ཚད་དང་མཐུན་པར་མ་ཟད་ནང་སེམས་ཀྱི་དགོས་མཁོ་སྐོང་ཐུབ་ཚེ་ད་གཟོད་སེམས་ཁམས་བདེ་ཐང་ཡིན་པའི་རྟགས་ཡིན།

སེམས་ཁམས་བདེ་ཐང་ནི་འགུལ་རྣམ་གྱི་གོ་རིམ་ཞིག་ཡིན། སེམས་ཁམས་བདེ་ཐང་ཡིན་ཚེ་ཕམ་ཉེས་དང་འགལ་ཟླ། སྡུག་བསྔལ་སོགས་མེད་པ་ཞིག་མིན་པར། གལ་ཏེ་ཕམ་ཉེས་དང་འགལ་ཟླ། སྡུག་བསྔལ་ཡོད་པའི་དབང་དུ་བཏང་ནའང་། ཕན་ནུས་ལྡན་པའི་སྒོ་ནས་སེམས་ཁམས་སྙོམ་སྒྲིག་བྱ་ཐུབ་པ་ཞིག་ཡིན།

དུས་ཡུན་རིང་པོར། མི་རྣམས་ཀྱིས་ན་བ་མེད་ཚེ་ལུས་སེམས་བདེ་ཐང་ཡིན་པར་འདོད་ཀྱིན་ཡོད། ཡིན་ཡང་། དོན་དངོས་སྟེང་ལྟ་བ་དེའི་རིགས་ནི་ཡང་དག་ཞིག་མིན། མིག་སྔར་ཚང་མར་རྒྱུས་མངའ་ཡོད་པ་ནི། བདེ་ཐང་ཟེར་བ་ནི་ལུས་ཁམས་སུ་ནད་རིགས་མེད་པར་མ་ཟད། སེམས་ཁམས་ཀྱང་བདེ་ཐང་ཡིན་པ་ལ་བྱ། དེ་བས་བདེ་ཐང་ནི་ལུས་སེམས་གཉིས་ཀའི་བདེ་ཐང་ལ་གོ་བ་དང་། ཕྱོགས་གཞན་ཞིག་གི་ངོས་ནས་བཤད་ན། ལུས་སྟོབས་རྒྱས་ཤིང་སེམས་ཁམས་བདེ་ཐང་ཡིན་པའི་ཆ་རྐྱེན་ལྡན་དགོས། བདེ་ཐང་ཆེད་མཁས་པས་བཤད་པ་ལྟར་ན།སེམས་ཁམས་བདེ་ཐང་ནི་ལུས་ཁམས་བདེ་ཐང་ལས་ཀྱང་གཙོ་བོ་ཡིན།

མཉམ་འབྲེལ་རྒྱལ་ཚོགས་འཕྲོད་བསྟེན་རྩ་འཛུགས་ཀྱིས་བཤད་པ་ལྟར་ན། བདེ་ཐང་ཟེར་བ་ནི་ལུས་ཁམས་སུ་ནད་རིགས་མེད་པ་ཞིག་ཡིན་དགོས་པར་མ་ཟད། ད་དུང་སྐྱེ་ཁམས་ཆ་ཚང་ཞིང་སེམས་ཁམས་ཀྱི་གནས་བབ་སྤྱི་ཚོགས་དང་འཚམ་དགོས། མིའི་སྐྱེ་ཁམས་དང་སེམས་ཁམས་ཕན་ཚུན་བར་འབྲེལ་བ་དམ་པོ་ཡོད་ལ། སྐྱེ་ཁམས་ཀྱི་འགྱུར་ལྡོག་དང་ནད་རིགས་ཀྱིས་མིའི་སེམས་ཁམས་ཀྱི་འགྱུར་བར་ཤུགས་རྐྱེན་ཐེབས་པ་དང་། དེ་མིན་སེམས་ཁམས་ཀྱིས་མིའི་ལུས་པོའི་བདེ་ཐང་ལ་སྣང་ཆུང་བྱེད་མི་རུང་བའི་ཤུགས་རྐྱེན་ཐེབས་ཀྱིན་ཡོད། འཚོ་བའི་འགྲོས་མྱུར་ཤིང་གནོན་ཤུགས་ཆེ་བའི་གྲོང་ཁྱེར་དུ་ཁྲག་ཤེད་མཐོ་བའི་ནད་པའི་ཚད་ནི་གྲོང་ཁྱེར་གཞན་པ་དང་བསྡུར་ན་མང་བ་རེད།

སེམས་ཁམས་བདེ་ཐང་དང་ལུས་ཁམས་བདེ་ཐང་བར་ལ་ཕན་ཚུན་བྱེད་ནུས་ཀྱི་ནུས་པ་ཡོད་པས་འབྲེལ་བ་དམ་ཞིང་སེམས་ཁམས་བདེ་ཐང་ཡོང་བ་གལ་ཆེན་ཡིན། གལ་ཏེ་མི་ཞིག་གི་མི་གཤིས་དོགས་མང་ཅན་ཡིན་ཚེ། དུས་ཡུན་རིང་པོར་སྐྱོ་སྣང་ཅན་དུ་ཆགས་ནས་ལུས་སྟེང་གི་སྐུལ་རྩི་ལ་ཤུགས་རྐྱེན་ཐེབས་པ་དང་། ལུས་པོའི་འགོག་ཤུགས་ཇེ་ཞན་དུ་སོང་ནས་ནད་རིགས་འབྱུང་སྲིད། ཁྱོད་རང་མི་བདེ་ཐང་ཞིག་ཡིན་ཡང་། རྒྱུན་པར་རང་ཉིད་ལ་ནད་ཡོད་པར་འདོད་ཚེ་སེམས་མི་སྐྱིད་པའི་སྣང་བ་སྐྱེས་ནས་མཇུག་མཐར་རང་ཉིད་ལ་ནད་རིགས་འབྱུང་སྲིད།

དེའི་ཕྱིར། དུས་རྒྱུན་གྱི་འཚོ་བའི་ནང་དུ་རང་ཉིད་ཀྱི་སེམས་ཁམས་ལ་བདག་སྐྱོང་བྱས་ཏེ་བློ་རྒྱ་བསྐྱེད་པ་ལས། སེམས་ཁམས་མི་སྐྱིད་པ་དང་འཚུབ་ཆ་ལངས་པའི་རིགས་དང་གཏན་བྲལ་བྱ་དགོས། གལ་ཏེ་རང་ཉིད་ཀྱི་སེམས་ཁམས་མི་སྐྱིད་པའི་སྐབས་སུ་དུས་ལྟར་སེམས་ཁམས་སྙོམ་སྒྲིག་བྱེད་པ་དང་། མཁོ་གལ་ཆེ་བའི་སྐབས་སུ་སེམས་ཁམས་རིག་པའི་སྒོ་བསྟེན་ཁང་དང་སེམས་ཁམས་འདྲི་རྩད་ལྟེ་གནས་སུ་སོང་ནས་སེམས་ཁམས་དང་ལུས་ཁམས་བདེ་ཐང་ཡོང་བར་རོགས་རམ་བྱེད་དུ་འཇུག་དགོས། །

རྩོམ་སྒྲིག་པ། འབྲུག་མོ།