སེམས་ཁམས་དང་ལུས་ཕུང་བདེ་ཐང་བར་གྱི་འབྲེལ་བ།
2019.08.12 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 83

མི་ནི་སྐྱེ་ལྡན་ཕུང་པོ་ཞིག་ཡིན་པར་མ་ཟད། བསམ་བློ་ཡོད་པ་དང་བརྩེ་དུང་ཡོད་པ། ངལ་རྩོལ་བྱེད་ཤེས་པ། སྤྱི་ཚོགས་སྟེང་འཚོ་བ་རོལ་ཤེས་པ་བཅས་སྤྱི་ཚོགས་ཀྱི་ཁོངས་མི་ཞིག་ཀྱང་ཡིན། མིའི་ལུས་ཁམས་དང་སེམས་ཁམས་ཀྱི་བདེ་ཐང་། རིམས་ནད་བཅས་གསུམ་པོ་མི་རང་ངོས་ཀྱི་ལུས་པོའི་རྒྱུ་རྐྱེན་དང་འབྲེལ་བ་ཡོད་པར་མ་ཟད། མིའི་སེམས་ཁམས་ཀྱི་འགུལ་སྐྱོད་དང་སྤྱི་ཚོགས་ཀྱི་རྒྱུ་རྐྱེན་བར་ལ་ཡང་འབྲེལ་བ་དམ་ཟབ་ཡོད། སེམས་ཁམས་ལ་གནོད་པ་ཐེབས་པ་ལས་མིའི་ལུས་ཁམས་ལ་ནད་རིགས་སྣ་ཚོགས་སློང་སྲིད་པ་དང་། དེ་ལས་ལྡོག་སྟེ། སེམས་ཁམས་ལེགས་པོ་ཞིག་ཡོད་པའམ་སེམས་ཁམས་ལེགས་པོ་སྲུང་འཛིན་བྱས་ཚེ་མིའི་ལུས་ཁམས་བདེ་ཐང་ཡོང་བར་སྐུལ་འདེད་བྱེད་ཐུབ་པ་དང་། ལུས་ཁམས་ལ་རིམས་ནད་འབྱུང་བ་སྔོན་འགོག་ཀྱང་བྱེད་ཐུབ།

མིའི་སེམས་ཁམས་ཀྱི་གོ་རིམ་ཡོད་ཚད་ཀླད་པའི་འགུལ་སྐྱོད་ཀྱི་མཇུག་འབྲས་ཤིག་ཡིན་ལ། ཀླད་པ་ནི་དབང་རྩའི་མ་ལག་བརྒྱུད་ནས་ལུས་སྟེང་གི་ལུས་པོའི་དབང་པོ་གཞན་དག་དང་འབྲེལ་ལམ་ཡོད་པས། ཀླད་པའི་ནུས་པར་སྐྱོན་བྱུང་ནས་བདེ་ཐང་མིན་པའི་སྐབས་སུ་ཡིད་མུག་པའི་ནད་དང་སྨྱོ་ནད་སོགས་སེམས་ནད་འབྱུང་གིན་ཡོད།

སེམས་ཁམས་བདེ་ཐང་མིན་པའི་སྐབས་སུ། ཡིད་མུག་པ་དང་། གཉིད་མི་ཁུག་པ་སོགས་སེམས་ཁམས་ལ་གནོད་པ་བྱུང་ནས། དབང་རྩའི་ནུས་པ་ཉམས་པ་དང་མགོ་ན་བ། མགོ་ཡུ་འཁོར་བ། བྲང་ཁ་སྦས་ནས་དབུགས་ལེན་ཚད་མགྱོགས་པ་སོགས་འབྱུང་བར་མ་ཟད། ད་དུང་སྙིང་ནད་དང་སྐྲན་ནད་ཀྱང་འབྱུང་སྲིད།

སེམས་ཁམས་བདེ་ཐང་མིན་པའི་གནད་དོན་གྱིས་ནད་རིགས་གང་དག་སྐྱེད་སྲིད་དམ་ཞེ་ན།

མིའི་སེམས་ཁམས་མ་སྐྱིད་ན། སྐྱེ་ཁམས་དང་སེམས་ཁམས་སོགས་ལ་འགྱུར་བ་རབ་དང་རིམ་པ་འབྱུང་བ་རེད།

སེམས་ཁམས་དང་ཁྲག་ཤེད་མཐོ་བའི་ནད་ཀྱི་བར་ལའང་འབྲེལ་བ་དམ་པོ་ཡོད། རང་རྒྱལ་གྱི་སེམས་ཁམས་རིག་པའི་ཆེད་མཁས་པས་ཁྲག་ཤེད་མཐོ་བའི་ནད་པར་ནད་ཀྱི་འབྱུང་རྐྱེན་ཐད་ནས་བརྟག་དཔྱད་ཞིབ་འཇུག་བྱས་པ་བརྒྱུད་དེ་ར་སྤྲོད་བྱུང་བ་ནི། སེམས་ཁམས་རྒྱུན་ལྡན་མིན་པའི་མི་བརྒྱ་ཆའི་དོན་བཞི་དང་གྲངས་ཆུང་ལྔའི་ཡན་ལ་ནད་རིགས་འབྱུང་གིན་ཡོད། གྲུམ་བུའི་ནད་རིགས་བྱུང་བའི་ནད་པར་རྒྱུན་དུ་སེམས་མི་སྐྱིད་པ་དང་། སེམས་ཁྲལ་ཡོད་པ། འཇིགས་སྣང་ཡོད་པའི་སྐབས་སུ་རུས་ཚིགས་ན་བའི་སྣང་ཚུལ་འབྱུང་ངེས། དེའི་སྐབས་སུ་སེམས་ཁམས་སྙོམ་སྒྲིག་བྱས་ནས་ན་ཟུག་ཞི་འཇགས་སུ་གཏོང་དགོས་པ་དང་། སོ་ན་བའི་ནད་པ་ཞིག་ལ་མཚོན་ནས་བཤད་ན། སེམས་ཁམས་བདེ་ཐང་མིན་པ་ལས་བྱུང་བའི་ནད་པས་སུམ་ཆའི་གཅིག་ཟིན་ཡོད། བློ་ཁ་མི་བདེ་བ་དང་། རྣམ་རིག་མི་གསལ་བར་ཉབ་ཉོབ་ཏུ་གྱུར་པའི་ནད་པ་དེ་སྤྲོ་སྣང་གིས་བརྟས་ཤིང་སེམས་ཁམས་དྭངས་པའི་མི་དང་བསྡུར་ན་ནད་རིགས་དྲག་བསྐྱེད་འབྱུང་ཚད་དལ་བ་རེད།

ནད་ཐོག་སེམས་ཁམས་རིག་པའི་ཆེད་མཁས་པས་བརྟག་དཔྱད་ཞིབ་འཇུག་བྱས་པ་ལྟར་ན། སྐྲན་ནད་མ་བྱུང་བའི་སྔོན་དུ་ནད་པ་མང་ཆེ་བར་བློ་ཕམ་དང་། སེམས་ཁྲལ། སེམས་སྡུག ཁོང་ཁྲོ་སོགས་ཀྱི་འགྱུར་བ་བྱུང་ནས། དབང་རྩའི་ནུས་པར་ཤུགས་རྐྱེན་ཐེབས་ཏེ་ནད་རིགས་འགོག་ཤུགས་ལ་ཤུགས་རྐྱེན་བཟོ་བཞིན་ཡོད་པས། སྐྲན་ནད་ཀྱི་འགོག་ཤུགས་ནུས་པ་ཇེ་ཞན་དུ་སོང་ནས་མཇུག་མཐར་སྐྲན་ནད་འབྱུང་གིན་ཡོད།

གནོན་ཤུགས་ཇེ་ཉུང་དུ་གཏོང་བ་དང་། བྱ་བར་བྲེལ་འཚུབ་ཆེ་བའི་སྐབས་སུ་སེམས་ཁམས་སྙོམ་སྒྲིག་བྱེད་ཤེས་ཀྱིས་སྤྲོ་སེམས་དང་བཅས་བྱ་དངོས་ཡོད་ཚད་ལ་འཇུག་རྒྱུ་ནི་མི་ལུས་བདེ་ཐང་ཡོང་བའི་རྒྱུ་གལ་ཆེན་ཡིན་ནོ། །

རྩོམ་སྒྲིག་པ། འབྲུག་མོ།