མཚོ་སྔོན་གྱིས་སྨན་བཅོས་དང་རྒན་གསོ་མཉམ་འབྲེལ་ལས་ཁུངས་ཀྱི་ཞིབ་མཆན་ཐོ་འགོད་བརྒྱུད་རིམ་ལེགས་སྒྱུར་བྱས།
2019.08.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 22

མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཉེ་སྔོན་བསྒྲགས་པའི་གནས་ཚུལ་ལྟར་ན། སྨན་བཅོས་དང་རྒན་གསོ་ཞབས་ཞུའི་གློད་སྡོམ་ཞབས་གསུམ་གྱི་བཅོས་སྒྱུར་ཟབ་སྤེལ་བྱེད་ཆེད། མཚོ་སྔོན་ཞིང་ཆེན་གྱིས་སྨན་བཅོས་དང་རྒན་གསོ་མཉམ་འབྲེལ་ལས་ཁུངས་ཀྱི་ཞིབ་མཆན་བརྒྱུད་རིམ་དང་ཁོར་ཡུག་ལེགས་སྒྱུར་བྱས་ཏེ། སྨན་བཅོས་དང་རྒན་གསོ་མཉམ་འབྲེལ་འཕེལ་རྒྱས་ལ་སྔར་ལས་ཡར་སྐུལ་བྱེད་རྒྱུ་ཡིན་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། སྨན་བཅོས་དང་རྒན་གསོ་མཉམ་འབྲེལ་ལས་ཁུངས་ནི་སྨན་བཅོས་འཕྲོད་བསྟེན་ཐོབ་ཐང་དང་རྒན་གསོ་ཞབས་ཞུའི་ནུས་པ་ཉིས་འཛོམས་ཀྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་སམ་ཡང་ན་རྒན་གསོ་ལས་ཁུངས་ལ་ཟེར། མཚོ་སྔོན་གྱི་ཁྲིམས་མིའི་ཐོབ་ཐང་ལྡན་པའི་སྨན་བཅོས་ལས་ཁུངས་ཀྱིས་རྒན་གསོའི་ལས་ཁུངས་འཛུགས་པར་རེ་ཞུ་བྱེད་ན། ཁྲིམས་མི་གསར་བ་གཞན་ཞིག་གཏན་ཁེལ་བྱེད་མི་དགོས་པ་དང་། ཁྲིམས་མི་གསར་བ་གཞན་པ་ཐོ་འགོད་བྱེད་མི་དགོས། ཆ་རྐྱེན་དང་མཐུན་ཚེ་ད་དུང་རྒན་གསོའི་ལས་ཁུངས་ཀྱི་འབྲེལ་ཡོད་སྒྲིག་འཛུགས་ཁ་གསབ་དང་ལས་གཉེར་ཁ་གསབ། རྒན་གསོ་ཞབས་ཞུའི་རོགས་སྐྱོར་སྲིད་ཇུས་བྱེད་ཐབས་གཞན་པ་བཅས་ལོངས་སྤྱོད་བྱེད་ཐུབ། མཚོ་སྔོན་གྱི་རྒན་གསོ་ལས་ཁུངས་ཀྱིས་སྨན་བཅོས་ལས་ཁུངས་འཛུགས་ན། སྲིད་འཛིན་ཞིབ་མཆན་མེད་པར་ཐོ་འགོད་དོ་དམ་ལག་བསྟར་བྱེད་པར་མ་ཟད། གཏན་ཁེལ་ལྟར་འབྲེལ་ཡོད་རོགས་སྐྱོར་སྲིད་ཇུས་ལོངས་སྤྱོད་བྱེད་ཐུབ།

མཚོ་སྔོན་གྱིས་ད་དུང་སྨན་བཅོས་དང་རྒན་གསོ་མཉམ་འབྲེལ་ལས་ཁུངས་གསར་དུ་འཛུགས་པར་རྒྱབ་སྐྱོར་བྱེད་རྒྱུ་རེད། རེ་འདོད་ཞུ་མཁན་གྱིས་སྨན་བཅོས་དང་རྒན་གསོ་མཉམ་འབྲེལ་ལས་ཁུངས་གསར་དུ་འཛུགས་རྒྱུའི་རེ་འདོད་ཞུ་ན། སྨན་བཅོས་འཕྲོད་བསྟེན་ལས་ཁུངས་དང་རྒན་གསོ་ལས་ཁུངས་ཀྱི་རིགས་གྲས་དང་ངོ་བོ། གཞི་ཁྱོན་བཅས་དང་འཕྲོད་བསྟེན་བདེ་ཐང་དང་། དམངས་སྲིད། ཡང་ན་ཁྲོམ་ར་ལྟ་སྐུལ་དོ་དམ་བཅས་སྡེ་ཁག་ལ་རེ་འདོད་ཞུ་དགོས། ས་དེའི་སྲིད་དོན་ཞབས་ཞུ་ལས་ཁུངས་ཀྱིས་སྒེའུ་ཁུང་གཅིག་ནས་དོན་དག་སྒྲུབ་སྟེ། སྔོན་ལ་ཕྱོགས་བསྡུས་དོན་དག་སྒྲུབ་པ་དང་། རྗེས་སུ་རིགས་བགར་ཞིབ་མཆན་འགོད་པ། ཕྱོགས་བསྡུས་ཀྱི་དཔང་ཡིག་སྟེར་བ་སོགས་བྱེད་དགོས། སྲིད་དོན་ཞབས་ཞུ་ལས་ཁུངས་བཙུགས་མེད་པའི་ས་ཁུལ་གྱིས་ས་དེའི་འཕྲོད་བསྟེན་བདེ་ཐང་སྲིད་འཛིན་སྡེ་ཁག་གིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་མཉམ་འབྲེལ་དོན་སྒྲུབ་བྱ་བའི་རྐྱེན་སྲོལ་དང་དོན་སྒྲུབ་འགྲོ་ལུགས་བཙུགས་ཏེ། སྨན་བཅོས་དང་རྒན་གསོ་མཉམ་འབྲེལ་ལས་ཁུངས་ཁྲོམ་རར་ཚུད་པར་བྱེད་པའི་ཁོར་ཡུག་ལེགས་སྒྱུར་བྱེད་དགོས། །

རྩོམ་སྒྲིག་པ། འབྲུག་མོ།