མངལ་སྦྲུམ་པའི་སྐབས་སུ་ཟས་ཅི་ལྟར་སྤྱད་ན་སྦྲུམ་བུས་འཚོ་བཅུད་བསྡུ་ལེན་བྱེད་ཐུབ་པ་ཡིན།
2019.08.19 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 35

སྦྲུམ་བུའི་འཚོ་བཅུད་བསྡུ་ལེན་བྱེད་པར་ཡང་ཆེས་འོས་འཚམ་གྱི་བྱེད་ཐབས་སྤྱོད་དགོས་ཏེ། སྦྲུམ་བུའི་ལུས་པོའི་ལྗིད་ཚད་ནི་རྒྱ་མ་དྲུག་ཡས་མས་ཡིན་ན་འོས་ཤིང་འཚམ་པ་ཡིན། སྦྲུམ་མས་ཡང་ལུས་པོའི་ལྗིད་ཚད་ལ་ཚོད་འཛིན་བྱས་ཏེ་གཟུགས་པོ་ཡག་པོ་རྒྱུན་འཁྱོངས་བྱེད་དགོས།    མངལ་སྦྲུམ་མ་ཐག་ཏུ་སྦྲུམ་བུ་འཚར་སྐྱེ་བྱུང་བ་བལྟོས་བཅས་ཀྱིས་ཅུང་དལ་བས་འཚོ་བཅུད་ཀྱི་དགོས་མཁོ་ཡང་མངལ་མ་ཆགས་གོང་དང་ཁྱད་པར་ཆེན་པོ་མེད་མོད། འོན་ཀྱང་སྦྲུམ་བུ་འཚར་སྐྱེ་བྱུང་བ་དང་བསྟུན་ནས་འཚོ་བཅུད་ཀྱི་དགོས་མཁོ་ཡང་ཇེ་མང་དུ་འགྲོ་ངེས་ཡིན།

གཅིག  ལོ་མའི་སྐྱུར་རྒྱུ་དང་ལྕགས་འདུས་པའི་ཟས་རིགས་མང་པོ་ཟ་དགོས།

ལོ་མའི་སྐྱུར་རྒྱུ་ནི་སྦྲུམ་བུ་འཚར་སྐྱེ་ལ་ཧ་ཅང་མཁོ་གལ་ཆེ་བའི་འཚོ་རྒྱུ་ཞིག་ཡིན་པ་དང་། མངལ་ཆགས་རྗེས་ལོ་མའི་སྐྱུར་རྒྱུ་དཀོན་པས་སྦྲུམ་བུའི་དབང་རྩ་ཡ་མ་གཟུགས་དང་མངལ་ཤོར། ཟླ་ཁ་མ་གང་བར་བཙའ་བ། བཙས་རྗེས་ལུས་པོའི་ལྗིད་ཚད་དམའ་དྲགས་པ་སོགས་ཀྱི་གནད་དོན་འབྱུང་སྲིད། མངལ་ཆགས་དུས་ལོ་མའི་སྐྱུར་རྒྱུ་དགོས་པའི་ཚད་ཆེས་ཆེར་འཕར་བ་དང་། ལོ་མའི་སྐྱུར་རྒྱུ་འདུས་པའི་ཟས་རིགས་གཙོ་བོ་ནི་ལོ་མ་ལྗང་ནག་གི་སྔོ་ཚལ་དང་། ལབ་སེར། སྲོག་ཆགས་ཀྱི་མཆིན་པ། སྒོ་ང་། མངར་ཁམ། ལྷོ་ཀུབ། ཏིལ་འབྲུ། སྲན་མ། གྲོ། གྲོ་ནག་སོགས་ཡོད།

གཉིས།   ཟས་ཐུན་ཇེ་མང་ཟ་ཚད་ཇེ་ཉུང་དུ་བཏང་ནས་ཐཱན་ཆུ་འདྲེས་འགྱུར་རྫས་འདང་དགོས།

མངལ་ཆགས་མ་ཐག་ཏུ་སྦྲུམ་བུ་འཚར་སྐྱེ་བྱུང་བ་བལྟོས་བཅས་ཀྱིས་ཅུང་དལ་བས་དེར་མཁོ་བའི་ནུས་ཚད་དང་འཚོ་བཅུད་སྔོན་དང་ཁྱད་པར་ཆེན་པོ་མེད། སྦྲུམ་མར་སྐྱུག་མེར་ལངས་ནས་ཟ་མ་མང་པོ་ཟ་མ་ཐུབ་ཚེ།  ཀླད་པའི་ཕུང་གྲུབ་ཀྱིས་རྒུན་མངར་གྱི་དགོས་མཁོ་ཁག་ཐེག་བྱེད་པ་དང་ཐོང་ནད་སྐྱུར་དུག་གིས་སྦྲུམ་བུར་གནོད་འཚེ་འབྱུང་བར་སྔོན་འགོག་བྱེད་ཆེད། ཉིན་རེར་མ་མཐའ་ཡང་ཐཱན་ཆུའི་འདྲེས་སྦྱོར་དངོས་རྫས་ཁེ་བརྒྱ་དང་སུམ་ཅུ་ཙམ་བསྡུ་ལེན་བྱེད་དགོས་པ་དང་། ཐཱན་ཆུའི་འདྲེས་སྦྱོར་དངོས་རྫས་དང་འཇུ་སླ་བའི་འབྲུ་རིགས་དང་འབྲུ་རིགས་ཀྱི་བཟའ་བཅའ་སྟེ།  དཔེར་ན་འབྲས་དང་། ཕྱེ། བག་ལེབ་བསྲེགས་མ། མོག་མོག་བསྲེགས་མ་སོགས་འདེམས་དགོས། མངར་ཟས་སྣ་ཚོགས་དང་ཞོག་ཁོག་རིགས། རྩ་རྐང་རིགས་ཀྱི་སྔོ་ཚལ། ཤིང་ཏོག་ཁ་ཤས་ཀྱི་ནང་དུའང་ཐཱན་ཆུ་འདྲེས་འགྱུར་རྫས་ཅུང་མང་པོ་ཡོད་པས། སྦྲུམ་མའི་དགའ་ཕྱོགས་ལྟར་འདེམས་ཆོག མངར་ཆ་དང་སྦྲང་རྩི་སོགས་ཀྱི་གྲུབ་ཆ་གཙོ་བོ་ནི་སྟབས་བདེའི་ཐཱན་ཆུ་འདྲེས་འགྱུར་རྫས་ཡིན་པས་བསྡུ་ལེན་བྱེད་སླ་བ་དང་། ཟས་ཉུང་བའམ་ཡང་ན་སྦྲུམ་སྐྱུག་ཚབས་ཆེ་བའི་སྐབས་སུ་མྱུར་དུ་ལུས་ཕུང་ལ་མཁོ་བའི་ཐཱན་ཆུ་འདྲེས་འགྱུར་རྫས་ཁ་གསབ་བྱེད་ཐུབ།

གསུམ།  མངལ་ཆགས་དུས་མཇུག་ཏུ་ཉ་དང་སྒོ་ང་། འོ་མ་སོགས་སྤྲི་དཀར་མཐོ་བའི་ཟས་རིགས་མང་ཙམ་སྤྱོད་དགོས།

སྦྲུམ་མར་མངལ་ཆགས་པའི་གོ་རིམ་ཁྲོད་ཀལ་རྒྱུ་ཧ་ཅང་མང་པོ་མཁོ་བ་རེད། གལ་ཏེ་སྦྲུམ་མའི་ལུས་ཀྱི་ཀལ་རྒྱུ་མ་འདང་ཚེ་སྦྲུམ་བུ་འཚར་སྐྱེ་ལ་ཐད་ཀར་ཤུགས་རྐྱེན་ཐེབས་སྲིད་པས། སྦྲུམ་མས་མངལ་ཆགས་དུས་མཇུག་ཏུ་ཉ་དང་སྒོ་ང་། འོ་མ་སོགས་སྤྲི་དཀར་མཐོ་བའི་རིགས་ཀྱི་ཟས་མང་ཙམ་སྤྱོད་དགོས།

བཞི། མངལ་སྦྲུམ་སྐབས་ཚད་རན་པོའི་འགུལ་སྐྱོད་བྱེད་དགོས།

མངལ་སྦྲུམ་པའི་སྐབས་སུ་འོས་འཚམ་གྱིས་ལུས་ཕུང་སྦྱོང་བརྡར་བྱས་ན་མ་བུ་གཉིས་ལ་ཕན་པ་ཡོད་ཅིང་།  མངའ་སྦྲུམ་པའི་སྐབས་སུ་ལུས་ཕུང་མི་བདེ་བའི་ཚོར་བ་ཇེ་ཡང་དུ་གཏོང་བ་མ་ཟད། ད་དུང་རང་བཞིན་གྱིས་བྱིས་པ་སྐྱེ་བར་ཡང་ཕན་པ་ཡོད། འགུལ་སྐྱོད་བྱེད་སྐབས་ལུས་སྟེང་ནས་སྐུལ་རྩི་མང་པོ་ཞིག་ཕྱིར་ཕུད་པ་དེས་མངལ་ཆགས་དུས་ཀྱི་ སེམས་ཁམས་འཚབ་པའི་སྣང་ཚུལ་ཇེ་ཡང་དུ་གཏོང་ཐུབ།

མངལ་ཆགས་སྐབས་བག་ཕེབས་ངང་གླུ་དབྱངས་ཉན་ཞོར་འགུལ་སྐྱོད་བྱས་ན་བྱིས་པའི་ལུས་སེམས་བདེ་བར་ཡོང་ཐུབ། ལུས་སྦྱོང་གིས་སྦྲུམ་མའི་ཁྲག་གི་འཁོར་རྒྱུག་ཇེ་མགྱོགས་སུ་བཏང་པས་དབྱང་རླུང་འདང་ངེས་ཤིག་སྦྲུམ་བུའི་ཁྲག་ལམ་དུ་བརྒྱུད་པས་སྦྲུམ་བུ་འཚར་སྐྱེ་བྱུང་བར་ཧ་ཅང་ཕན་པར་མ་ཟད། ད་དུང་སྦྲུམ་བུར་འཕུར་མཉེད་ཀྱི་ནུས་པ་ལྡན་པ་རེད། མངལ་ཆགས་པའི་སྐབས་སུ་རྒྱུན་པར་འགུལ་སྐྱོད་བྱས་ན་སྦྲུམ་བུ་བཙས་རྗེས་སྤྱིར་བཏང་གི་བྱིས་པ་དང་བསྡུར་ན་ཕྱོགས་ཡོངས་ནས་ལེགས་པོ་འབྱུང་ཐུབ།

ལྔ། སེམས་ཁམས་སྐྱིད་པོ་ཡོང་བ་རྒྱུན་འཁྱོངས་བྱེད་དགོས།

ཨ་མའི་སྐྱེ་སྟོབས་དང་སེམས་ཁམས་ནི་དབང་རྩ་དང་ལུས་གཤེར་གྱི་འགྱུར་ལྡོག་བརྒྱུད་དེ་ཐད་ཀར་སྦྲུམ་བུའི་ཁྲག་རྒྱུག་ཚད་དང་། དབུགས་རྔུབ་ཚད། མངལ་གྱི་འགུལ་སྐྱོད་སོགས་ལ་ཤུགས་རྐྱེན་ཐེབས་ངེས།  བདེ་ཞིང་སྐྱིད་པའི་སེམས་ཁམས་ཀྱིས་སྦྲུམ་མས་བདེ་ཐང་སྐུལ་རྩི་དང་སྐྱེ་དངོས་མའེ་བཅས་ཟགས་ཐོན་བྱེད་པར་ཕན་པ་དང་། ཁྲག་ཚད་དང་ངར་ལངས་དབང་རྩའི་ཕྲ་ཕུང་སྙོམས་སྒྲིག་བྱེད་པའི་ནུས་པ་ཐོན་ལ། བུ་རོགས་ཀྱི་ཁྲག་འདོན་པ་ལེགས་བཅོས་བྱས་ནས་ཁྲག་ནང་གི་ཕན་ཡོད་གྲུབ་ཆ་ཇེ་མང་ཏུ་སོང་སྟེ་སྦྲུམ་བུ་འཚར་སྐྱེ་ཡག་པོ་འབྱུང་ཐུབ།

སྦྲུམ་མས་ཇི་ལྟར་བྱས་ན་ད་གཟོད་སེམས་ཁམས་བཟང་པོ་རྒྱུན་འཁྱོངས་བྱེད་ཐུབ་བམ།

ཁྱོ་གས་བཟའ་ཟླར་བྱམས་དང་བརྩེ་བའི་སྒོ་ནས་སྐྱོང་དགོས་པ་མ་ཟད། མོའི་སེམས་ཁམས་སྐྱིད་པོ་ཡོང་བར་འབད་དགོས།  མངལ་ཆགས་དུས་སེམས་ཁམས་མི་སྐྱིད་པའི་གནས་ཚུལ་འབྱུང་སླ་པས་སྦྲུམ་མ་རང་ཉིད་ཀྱིས་སེམས་ཁམས་སྙོམ་སྒྲིག་བྱེད་ཤེས་དགོས།

རྩོམ་སྒྲིག་པ། འབྲུག་མོ།