རང་ཉིད་ཀྱི་སེམས་ཁམས་བདེ་ཐང་ཡིན་མིན་དེ་ཇི་ལྟར་ཤེས་ཐུབ།
2019.08.26 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 39

ཡིད་ཚིམ་པ། འཚོ་བའི་ཁྲོད་ཡིད་ཚིམ་པའི་མིས་ནམ་རྒྱུན་བྱ་འགུལ་ཁྲོད་རང་རྟོགས་རང་བཞིན་དང་། འཕྲལ་གཅོད་རང་བཞིན། ཞུམ་པ་མེད་པའི་སྙིང་སྟོབས། རང་གཅུན་ནུས་པ་སོགས་ཆུ་ཚད་མཐོ་བའི་སྒོ་ནས་ཕྱིར་མངོན་ཐུབ་པར་མ་ཟད། བྱ་འགུལ་སྣ་མང་ཁྲོད་རང་རྟོགས་ཀྱི་དམིགས་འབེན་རང་བཞིན་ལྡན་པ་དང་། དུས་དང་མཐུན་པར་ཐག་གཅོད་བྱེད་ཤེས་ཐོག་ཕན་ནུས་དངོས་ཐོན་པའི་བྱེད་ཐབས་སྤྱད་དེ་སྐབས་འཕྲད་ཀྱི་གནད་དོན་ཐག་གཅོད་པ་རེད། དཀའ་ཁག་དང་ཕམ་ཉེས་ཀྱི་མདུན་དུ་ལུགས་དང་མཐུན་པའི་ཚུར་སྣང་བྱེད་ཐབས་སྤྱད་ནས་བྱ་འགུལ་ཁྲོད་ཡིད་ཆེས་ཡོད་པ་དང་། སེམས་ཁམས་སྙོམ་སྒྲིག་བྱེད་ཤེས་པ་ལས་ཅི་ཡིན་འདི་ཡིན་མེད་པར་རྨོངས་ཚོད་ཀྱིས་འགུལ་སྐྱོད་བྱེད་པ་དང་། དངངས་སྐྲག་སྐྱེ་བ། ཨུ་ཚུགས་ཀྱི་བྱེད་ཐབས་སྤྱོད་པ་སོགས་བྱེད་མི་སྲིད།

རང་གིས་རང་ལ་ངོས་ཟིན་ཡོད་པ་དང་། རང་ཉིད་དང་ལེན་བྱ་ཤེས་པ། རང་ལ་ངོས་ཟིན་ཐོབ་ཡོད་ན་རང་ཉིད་ནི་ཅི་ལྟ་བུ་ཞིག་ཡིན་པ་གསལ་པོར་ཤེས་ལ། རང་ཉིད་དང་ཉེ་འཁོར་རམ་སྤྱི་ཚོགས་ཀྱི་རིགས་སོ་སོའི་འབྲེལ་བ་སྔར་ལས་སྣང་དོགས་མེད་པར་དང་ལེན་བྱ་ཐུབ།

མི་གཤིས་ཀྱི་གཤིས་རྒྱུད་ཆ་ཚང་ལྡན་པ། གཤིས་རྒྱུད་ཆ་ཚང་ཟེར་བ་ནི་མི་གཤིས་ཀྱི་རྒྱུ་རྐྱེན་གཙོ་བོ་སྟེ་གཤིས་རྒྱུད་དང་། ནུས་པ། གཤིས་ཀ ཕུགས་བསམ། དད་སེམས། མི་ཚེའི་ལྟ་ཚུལ་སོགས་ཕྱོགས་སོ་སོའི་འཕེལ་ཚུལ་འདྲ་མཉམ་ཡིན་པ་དང་། སྐྱོན་ཆ་མེད་པར་མི་ཚེའི་ལྟ་ཚུལ་ཐད་བརྩོན་པ་བསྐྱེད་ཤེས་པར་མ་ཟད། ཕན་ནུས་ལྡན་པའི་སྒོ་ནས་རང་ཉིད་ཀྱི་སེམས་ཁམས་བྱ་སྤྱོད་ལ་བཀོད་སྒྲིག་བྱེད་པ་ལ་བསྟན་པ་ཡིན།

རང་གིས་རང་ལ་སྙོམ་སྒྲིག་བྱེད་པའི་ནུས་པ་དྲག་པོ་ལྡན་པ། ཧུར་བརྩོན་དང་རང་འགུལ་སྒོས་ཁོར་ཡུག་གསར་པར་འཕྲོད་མཐུན་བྱུང་ནས་སེམས་ཁམས་ཕྱོགས་ཀྱི་འགལ་བ་སྙོམ་སྒྲིག་དང་འདྲ་མཉམ་ཡོང་བར་འབད་པ། ཅུང་ལེགས་པའི་སེམས་ཁམས་ཀྱིས་མི་ལ་སྤྲོ་སྐྱིད་དང་བློ་བག་ཕེབས་པ། སྐྱིད་སྣང་དང་རང་རྟོན་གྱི་སེམས་ཁམས་རྒྱུན་འཁྱོངས་བྱེད་ཐུབ་པར་མ་ཟད། ད་དུང་འཚོ་བར་ཡིད་ཆེས་ཀྱིས་ཁེངས་ཐུབ། སེམས་ཁམས་བདེ་ཐང་ཡིན་པའི་མིས་དཀའ་ཁག་དང་སེམས་ཁྲལ་དང་འཕྲད་པའི་སྐབས་སུ། སེམས་ཁམས་སྙོམ་སྒྲིག་བྱེད་ཤེས་པར་མ་ཟད། བློ་རྩ་བརྟན་པོས་ཁོར་ཡུག་དང་སྤྱི་ཚོགས་ལ་མཐུན་པོ་ཡོང་བ་རྒྱུན་འཁྱོངས་བྱ་ཐུབ། རང་གིས་རང་སེམས་སྙོམ་སྒྲིག་བྱེད་པར་བྱེད་ཐབས་མང་པོ་ཡོད་པ་སྟེ། དཔེར་ན། གཉིད་པ་དང་། རོལ་དབྱངས་ལ་ཉན་པ། རི་འགོར་འཛེགས་པ། རྐང་རྒྱུག་བྱེད་པ། གྲོགས་པོ་ལྷན་འཛོམས་ནང་ཞུགས་པ་སོགས་ཡོད།

ཁོར་ཡུག་ལེགས་བསྒྱུར་དང་མཐུན་པོ་ཡོང་བའི་ནུས་པ་ལྡན་པ། ཁོར་ཡུག་ལེགས་བསྒྱུར་དང་དེར་མཐུན་པོ་ཡོང་བའི་ནུས་པ་ནི་འཚོ་བའི་ཐད་བཟུང་བའི་རྣམ་འགྱུར་གྱིས་ཐག་གཅོད་པ་རེད། སེམས་ཁམས་བདེ་ཐང་ཡིན་པའི་མིས་ཁོར་ཡུག་ལ་འགྱུར་ལྡོག་གཏོང་བའི་སྐབས་སུ་ཡང་དག་པའི་སྒོ་ནས་དོན་དངོས་ལ་གདོང་གཏོད་ཐུབ་པ་དང་། ཁོར་ཡུག་ལ་དོན་དངོས་དང་མཐུན་པའི་སྒོ་ནས་ཐག་གཅོད་བྱེད་པ་ལས་གཞན་ལ་ཁག་འགན་མི་སྤྲོད་པ་རེད། རང་ཉིད་ཀྱིས་སྤྱི་ཚོགས་ལ་ལྟ་སྟངས་ཡག་པོ་ཞིག་བཟུང་ཚེ། རང་ཉིད་ཀྱི་བསམ་བློ་དང་བྱ་སྤྱོད་དེ་སྤྱི་ཚོགས་དང་མཐུན་སྦྱོར་གཅིག་གྱུར་ཡོང་ཐུབ་པ་རེད།

མི་དང་མིའི་བར་གྱི་འབྲེལ་བ་འཆམ་མཐུན་ཡིན་དགོས། མིའི་བར་གྱི་འབྲེལ་བ་ཟེར་བ་ནི་མི་དང་མིའི་བར་ལ་ཐད་ཀར་འབྲེལ་བ་བྱས་ནས་ཧམ་སེམས་དང་གནོད་སེམས་མེད་པའི་འབྲེལ་བ་ལ་གོ། མི་དང་མིའི་བར་གྱི་འབྲེལ་བས་མི་ཞིག་གི་རང་གཤིས་ཅི་ལྟ་བུ་ཡིན་པ་དང་། ལུས་སེམས་བདེ་ཐང་ཡིན་མིན། འཚོ་བ་བདེ་སྐྱིད་ལྡན་མིན་སོགས་ལ་ཤུགས་རྐྱེན་ཐེབས་ཀྱིན་ཡོད། །

རྩོམ་སྒྲིག་པ། འབྲུག་མོ།