འཛམ་གླིང་ཀྲུང་ལུགས་གསོ་རིག་སློབ་ཚོགས་བོད་གསོ་ཆེད་ལས་ལྷན་ཚོགས་ཀྱི་སྐབས་ལྔ་བའི་རིག་གཞུང་ལོ་ཚོགས་དང་སྐབས་དང་པོའི་ལས་འཛིན་འདེམས་བསྐོའི་ཚོགས་ཆེན་ཉེ་ལམ་ཟི་ལིང་དུ་བསྡུས།
2019.08.26 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 35

ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་བསུ་བ་བྱེད་ཆེད། འཛམ་གླིང་ཀྲུང་ལུགས་གསོ་རིག་སློབ་ཚོགས་མཉམ་འབྲེལ་ལྷན་ཚོགས་བོད་ལུགས་གསོ་རིག་ཆེད་ལས་ལྷན་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྲིད་སྟོན་དུ་འཛིན་པ་དང་། སྨན་པའི་ཀུན་སྤྱོད་ཀྱི་ཐོག་མའི་སེམས་འདུན་མི་བརྗེད་པར་བོད་ལུགས་གསོ་རིག་དར་རྒྱས་གོང་འཕེལ་དུ་གཏོང་བའི་འགན་འཁྲི་ཡིད་ལ་དམ་པོར་བཅངས་ཏེ། མཚོ་སྔོན་མི་རིགས་སློབ་ཆེན་གསོ་རིག་སློབ་གླིང་དང་མཚོ་སྔོན་འཇིགས་མེད་རྒྱལ་སྤྱིའི་བོད་ལུགས་གསོ་རིག་ཞིབ་འཇུག་གླིང་། མཚོ་སྔོན་མགོ་ལོག་ཧི་མ་ལ་ཡའི་བོད་ལུགས་གསོ་རིག་ཞིབ་འཇུག་སློབ་ཚོགས་སོགས་སྡེ་ཁག་དང་མཉམ་འབྲེལ་བྱས་ནས་བསྡུས་པའི་འཛམ་གླིང་ཀྲུང་ལུགས་གསོ་རིག་སློབ་ཚོགས་བོད་གསོ་ཆེད་ལས་ལྷན་ཚོགས་ཀྱི་སྐབས་ལྔ་བའི་རིག་གཞུང་ལོ་ཚོགས་དང་སྐབས་དང་པོའི་ལས་འཛིན་འདེམ་བསྐོའི་ཚོགས་ཆེན་ཟླ་བརྒྱད་པའི་ཚེས་ཉེར་ལྔ་ཉིན་ཟི་ལིང་ནས་ཚོགས།

ཐེངས་འདིའི་གྲོས་ཚོགས་སྟེང་དུ་ཞིང་ཆེན་དང་རྒྱལ་ཁབ་ཕྱི་ནང་ནས་ཐོན་པའི་ཚོགས་ཞུགས་འཐུས་མི་སུམ་བརྒྱ་ལྷག་གིས་འདེམ་བསྐོ་བྱས་པ་བརྒྱུད། མཚོ་སྔོན་འཇིགས་མེད་བོད་སྨན་སྡེ་ཚོགས་ཀྱི་ཏུང་ཧྲི་ཀྲང་འཇིགས་མེད་ཕུན་ཚོགས་སྐབས་གསར་བའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོར་བདམ་པ་དང་། མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་རིན་ཆེན་དོན་འགྲུབ་དྲུང་ཡིག་ཆེན་མོར་བདམ་ཐོན་བྱུང་། དེ་དང་མཉམ་དུ་རྒྱུན་ལས་ཚོགས་གཙོ་ཉེར་ལྔ་དང་རྒྱུན་ལས་ལས་འཛིན་པ་ང་བདུན། ལས་འཛིན་པ་བརྒྱ་དང་བཅུ་བཅས་བདམ་ཐོན་བྱུང་ལ། ལས་འཛིན་པ་དག་སོ་སོར་དབྱིན་ཇི་དང་ཧྥ་རན་སི། ཨོ་ཏི་ལི། འཇར་མན། ཨ་མེ་རི་ཁ། ཨུ་རི་སི། ནེ་པ་ལ། འབྲུག་ཡུལ། རྒྱ་གར་སོགས་རྒྱལ་ཁབ་དང་ས་ཁུལ་བཅུ་གསུམ་ལྷག་ནས་ཐོན་པ་རེད།

གྲོས་ཚོགས་སྟེང་དུ་རྒྱལ་ཁབ་དང་ཞིང་ཆེན་ཕྱི་ནང་ནས་ཐོན་པའི་བོད་ལུགས་གསོ་རིག་གི་ཆེད་མཁས་པ་ཞེ་ལྔ་ལྷག་གིས་བོད་ལུགས་གསོ་རིག་གི་རྨང་གཞིའི་གཞུང་ལུགས་དང་ནད་ཐོག་ལག་ལེན། གསོ་བཅོས་བྱེད་ཐབས། རྒྱལ་སྤྱིའི་བརྒྱུད་སྒྲོག བོད་ལུགས་གསོ་རིག་གི་དེང་རབས་ཞིབ་འཇུག བོད་ལུགས་གསོ་རིག་དང་དེང་རབས་ཚན་རིག་ཟུང་འབྲེལ་བྱས་ནས་ལུས་སེམས་ཀྱི་ནད་ལ་ཞིབ་འཇུག་བྱེད་པ་སོགས་དང་སྦྲེལ་ཏེ། ཆེད་དོན་གཏམ་བཤད་གནང་བར་མ་ཟད་རང་རང་གིས་ཞིབ་འཇུག་བྱས་པའི་ཁྱབ་ཁོངས་ཀྱི་གྲུབ་འབྲས་གསར་བ་འགྲེམ་སྟོན་བྱས།

ཐེངས་འདིའི་གྲོས་ཚོགས་ཀྱིས་བོད་ཀྱི་གསོ་བ་རིག་པའི་གཞན་རྗེས་སུ་འཛིན་པ་དང་གཞན་ཕན་གྱི་ཐོག་མའི་བསམ་བློ་དང་ཆོད་སེམས་ཇེ་བརྟན་དང་། ཀྲུང་གོ་གསར་པ་དབུ་བརྙེས་པའི་སྔ་གཞུག་ཏུ་རང་རེའི་གསོ་རིག་གི་བསྟན་པ་ཉམ་ཐག་པའི་དུས་སུ་གསོ་རིག་གི་འཆད་ཉན་དང་སྨན་བཅོས། ལག་ལེན་རྒྱུད་འཛིན་དང་འཕེལ་རྒྱས་ཀྱི་ཐད་ལ་ཕྱག་རྗེས་མི་དམན་པ་བཞག་པའི་མཁས་དབང་དག་གི་མཛད་རྗེས་ལ་དྲན་གསོ་ཞུ་བ་དང་ཁོང་རྣམ་པའི་རིག་གཞུང་བསམ་བློ་རྒྱུད་འཛིན་བྱེད་པ། བོད་ཀྱི་གསོ་རིག་གི་ལུས་སེམས་བདེ་ཐང་ཐད་ཀྱི་སྔོན་ཐོན་ལྟ་བ་དང་ཁྱད་ཆོས་སྔོག་འདོན་དང་དར་སྤེལ་དུ་གཏོང་བ། ཁྱད་པར་དུ་རྒྱལ་ཁབ་ཕྱི་ནང་གི་གསོ་རིག་གཞན་དང་རིག་གཞུང་ཉམས་ཞིབ་ཀྱིས་ཕན་ཚུན་འབྲེལ་འདྲིས་དང་ཉམས་མྱོང་བརྗེ་རེས་བྱས་ཏེ། བོད་ཀྱི་གསོ་བ་རིག་པའི་ཚན་རིག་ཞིབ་འཇུག་གི་ལས་དོན་དང་ནད་མེད་བདེ་ཐང་ཐད་ཀྱི་དམིགས་བསལ་འཇོན་ནུས་རྒྱ་བསྐྱེད་ནས། བོད་ལུགས་གསོ་རིག་དེང་རབས་ཅན་དང་། ཐོན་ལས་ཅན། རྒྱལ་སྤྱི་ཅན་དུ་འགྱུར་བར་ཧུར་བརྩོན་བྱེད་རྒྱུ་དམིགས་འབེན་དུ་བྱས་ཡོད།

རྩོམ་སྒྲིག་པ། འབྲུག་མོ།