རྨ་ལྷོ་ཁུལ་གྱིས་སྨན་བཅོས་འཕྲོད་བསྟེན་ཐད་ཀྱི་ཤེས་ལྡན་མི་སྣ་དཀོན་པའི་ཞན་ཆ་ཁ་གསབ་བྱས།
2019.09.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

རང་འགུལ་སྒོས་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པ་དང་། སྲིད་ཇུས་གཏན་འབེབས་དང་ཤེས་ལྡན་མི་སྣ་ནང་འགུག་བྱེད་ཆེད། ད་ལོར། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་གཞི་རིམ་སྤྱི་ཐུན་འཕྲོད་བསྟེན་ཞབས་ཞུ་ནུས་པ་ཁྱོན་ཡོངས་ནས་མཐོར་འདེགས་གཏོང་བར་ཤུགས་བཏོན་པ་དང་། སྨན་བཅོས་འཕྲོད་བསྟེན་ཐད་ཀྱི་ཤེས་ལྡན་མི་སྣའི་དཔུང་སྡེ་འཛུགས་སྐྲུན་ཐད་ཤུགས་བཏོན་ནས། གཞི་རིམ་སྨན་བཅོས་འཕྲོད་བསྟེན་ཐད་ཀྱི་ཤེས་ལྡན་མི་སྣ་དཀོན་པའི་ཞན་ཆ་ཁ་གསབ་བྱས།

སྨན་བཅོས་མི་སྣ་དཀོན་པའི་གནས་ཚུལ་དེ་དུས་ཡུན་ཐུང་ངུའི་ནང་ཐག་གཅོད་ཆེད། རྨ་ལྷོ་ཁུལ་གྱིས་ཁ་ཕྱོགས་གཏན་ཁེལ་བྱས་ནས་སྨན་བཅོས་མི་སྣ་སྐྱེད་སྲིང་དང་གསོ་སྦྱོང་བྱེད་པ་དང་གཞི་རིམ་སྨན་བཅོས་མི་སྣ་གསོ་སྦྱོང་། སྤྱི་ཐུན་འཕྲོད་བསྟེན་སྨན་བཅོས་མི་སྣའི་ལས་སྒོ་གསོ་སྦྱོང་། ཀྲུང་ལུགས་དང་བོད་ལུགས་གསོ་རིགས་ཞབས་ཞུའི་ནུས་པ་མཐོར་འདེགས་གཏོང་བ་སོགས་ཀྱི་འཆར་གཞི་གཏན་འབེབས་བྱས་པ་མ་ཟད། མྱུར་མཁོའི་སྨན་བཅོས་མི་སྣ་ནང་འདྲེན་དང་རྐང་འཛིན་མི་སྣ་གསོ་སྦྱོང་སྒྲིག་གཞི་དང་ནང་ཁོག་གི་སྐུལ་སློང་བགོ་བཤའ་རྐྱེན་སྲོལ་བཙུགས། མིག་སྔར། ལས་དོན་སྡེ་ཁག་གི་གྲུབ་འབྲས་དང་ཟླ་ཕོགས་སྲིད་ཇུས་ཀྱི་རེ་བ་ལྟར། རྨ་ལྷོ་ཁུལ་གྱིས་ཁུལ་དང་རྫོང་། ཞང་། གྲོང་རྡལ་གྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་སུ་ནང་ཁོག་གི་གྲུབ་འབྲས་བགོ་བཤའ་ལམ་ལུགས་བཙུགས་ཏེ། ནོར་སྲིད་ཁ་གསབ་ཀྱི་གྲོན་དངུལ་ད་ཡོད་ཀྱི་ཆུ་ཚད་ལས་མི་དམའ་བར་ཁག་ཐེག་བྱེད་པའི་ཞོར་དུ། ཁུལ་དང་རྫོང་། ཞང་། གྲོང་རྡལ་རིམ་པའི་སྤྱི་ཕན་རིགས་ཀྱི་འཕྲོད་བསྟེན་ལས་དོན་སྡེ་ཁག་གིས་ལས་སྒོའི་ཡོང་སྒོའི་བརྒྱ་ཆའི་སུམ་ཅུ་དང་ལྔ་བཅུ་ནང་ཁོག་གི་གྲུབ་འབྲས་བྱ་དགའི་ཐད་བཀོལ་སྤྱོད་བྱེད་ཆོག་པར་བྱས། འབུར་ཐོན་བྱས་རྗེས་ཡོད་པའི་རིམ་པ་མཐོ་བའི་ཤེས་ལྡན་མི་སྣར་དམིགས་བསལ་ཁ་གསབ་ལམ་ལུགས་བཙུགས་པ་དང་། དུས་ཡུན་རིང་བོར་རྨ་ལྷོ་ལ་རོགས་སྐྱོར་བྱེད་པའི་རོགས་སྐྱོར་མི་སྣ་དང་མྱུར་བར་མཁོ་བ་དང་ཧ་ཅང་དཀོན་པའི་མཐོ་རིམ་ཤེས་ལྡན་མི་སྣའི་ཐད་ནས། ཆོག་མཆན་བཀོད་པ་བརྒྱུད་དེ་ལས་རྐང་ཁ་གསབ་སོགས་རྣམ་པ་མང་པའི་བགོ་བཤའ་བྱེད་ཐབས་ལག་བསྟར་བྱས།

དེ་དང་མཉམ་དུ། འོས་འཚམ་སྒོས་ཆེད་ལས་ལག་རྩལ་ལས་རྐང་གི་འབྲིང་རིམ་མཐོ་རིམ་བསྡུར་ཚད་མཐོར་འདེགས་བཏང་། དེ་ལས་གཞན། རྨ་ལྷོ་ཁུལ་གྱིས་ད་དུང་ཐེན་ཅིན་གྲོང་ཁྱེར་སྨན་བཅོས་མཐོ་རིམ་སློབ་གྲྭ་དང་ཞིང་ཆེན་ནང་ཁུལ་གྱི་སྨན་བཅོས་སློབ་གླིང་། རྨ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ་སོགས་སྨན་བཅོས་སློབ་གསོའི་གསོ་སྦྱོང་ཐོན་ཁུངས་བེད་སྤྱོད་པ་དང་། རིགས་མི་འདྲ་བའི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་དང་ཆེད་ལས་གསོ་སྦྱོང་ལས་ཁུངས་ལ་རྒྱབ་རྟེན་ནས། རིམ་པ་གསལ་བ་དང་གཅིག་གྱུར་ཁ་གཏད་ཀྱི་འཕྲོད་བསྟེན་ཐད་ཀྱི་ཤེས་ལྡན་མི་སྣ་སྐྱེད་སྲིང་གསོ་སྦྱོང་མ་ལག་བཙུགས་པ་དང་། སྨན་བཅོས་འཕྲོད་བསྟེན་མི་སྣའི་གསོ་སྦྱོང་གི་རྒྱུན་མཐུད་ངང་མཁོ་འདོན་བྱེད་ཆོག་པའི་ལམ་བུ་གལ་ཆེན་གྲུབ་པར་བྱས།

རྩོམ་སྒྲིག་པ། འབྲུག་མོ།