བོད་སྨན་གྱི་སྨན་རྩྭ་བཏབ་ནས་དབུལ་ཐར་བྱས་པ།
2019.09.16 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 21

—— ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་གྲོང་རྡལ་ཆུ་མཁར་གྲོང་ཚོས་འདེབས་འཛུགས་ལས་རིགས་འཕེལ་རྒྱས་བཏང་བའི་སྐོར།

ཆུ་གསུམ་གྲོང་རྡལ་ཆུ་མཁར་གྲོང་ཚོའི་བོད་སྨན་གྱི་སྨན་རྩྭ་འདེབས་འཛུགས་རྟེན་གཞིར་སྐྱེ་འཚར་བཟང་བའི་རུ་རྟ་དང་། རྩྭ་གུར་གུམ། ལྕ་བ། བ་སྤྲུ། ཧ་ལོ། འོལ་མོ་སེ། ལྕམ་པ། འུ་སུ་སོགས་བོད་སྨན་སྨན་རྩྭ་སྣ་ཁ་བཅུ་ལྷག་ཙམ་ཡོད་པ་རེད།

ལྷོ་ཁ་གཏེར་ནོར་ཞིང་ནགས་ཐོན་ལས་གསར་སྤེལ་ཚད་ཡོད་འགན་ལེན་ཀུང་སིའི་ཁོངས་གཏོགས་ཀྱི་ཆུ་གསུམ་གྲོང་རྡལ་ཆུ་མཁར་གྲོང་ཚོའི་བོད་སྨན་གྱི་སྨན་རྩྭ་འདེབས་འཛུགས་ལས་སྣོན་ཆེད་ལས་མཉམ་ལས་ཁང་གི་བོད་སྨན་གྱི་སྨན་རྩྭ་འདེབས་འཛུགས་རྟེན་གཞིའི་རྒྱ་ཁྱོན་མུའུ་ལྔ་བརྒྱ་ལྷག་ཟིན་པ་དང་། “སྲོལ་རྒྱུན་གྱི་འདེབས་འཛུགས་འདུ་ཤེས་ལས་ལྡོག་སྟེ་ཐོན་ལས་གྲུབ་ཆ་ལེགས་སྒྲིག་གིས་ས་ཕྱོགས་གཅིག་གི་མང་ཚོགས་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད”བྱས་ནས། ཁྱད་ལྡན་གསར་དར་འདེབས་འཛུགས་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།

ཉིས་སྟོང་བཅུ་གསུམ་ལོར། གཏེར་ནོར་ཞིང་ནགས་ཀུང་སིའི་འགན་འཁུར་བ་བློ་བཟང་སྦྱིན་པས་ཡུམ་བུ་བླ་མཁར་བོད་སྨན་བཟོ་གྲྭའི་ལས་ཀ་བརྟན་པོ་དེ་བསྐྱུར་ནས་ཕ་ཡུལ་དུ་ལས་གཏོད་བྱེད་པར་ལོག་སྟེ་ཆུ་གསུམ་རྫོང་ཆུ་གསུམ་གྲོང་རྡལ་ཆུ་མཁར་བོད་སྨན་སྨན་རྩྭ་འདེབས་འཛུགས་ལས་སྣོན་ཆེད་ལས་མཉམ་ལས་ཁང་བཙུགས། གྲོང་ཚོའི་དོན་དངོས་ལྟར་ཡུལ་བབ་དང་བསྟུན་ནས་བོད་སྨན་སྨན་རྩྭ་འདེབས་འཛུགས་གཙོ་བོར་བཟུང་སྟེ། གནད་ཀྱིས་ཁྱོན་ལ་སྐུལ་ཁྲིད་བྱེད་པའི་བྱེད་ཐབས་སྤྱད་དེ་བོད་སྨན་སྨན་རྩྭ་འདེབས་འཛུགས་ལས་དོན་རིམ་བཞིན་སྤེལ་བ་རེད། དེར་མ་ཟད། ད་དུང་བོད་སྨན་སྨན་རྩྭ་ཡག་པོ་འདེབས་ཆེད། བློ་བཟང་སྦྱིན་པ་ཨན་ཧུའེ་དང་། མཚོ་སྔོན། ཀན་སུའུ། སི་ཁྲོན། ཀོང་ཏུང་སོགས་ཀྱི་སྨན་རྩྭ་འདེབས་འཛུགས་རྟེན་གཞིར་བརྟག་ཞིབ་དང་སློབ་སྦྱོང་ལ་ཐེངས་མང་བསྐྱོད་མྱོང་།

ཉིས་སྟོང་བཅུ་གསུམ་ལོར། ཀུང་སི་དེས“མཛངས་མི”ཞེས་པའི་ཚོང་རྟགས་བཏོད་དེ“སི་ལིང་ལྗང་པ”སྐྲ་འཁྲུད་འདག་རྫས་སོགས་ཀྱི་ཐོན་རྫས་གསར་གཏོད་བྱས་པ་སྤུས་ཀ་ལེགས་པས་ལྗོངས་ཕྱི་ནང་གི་འཛད་སྤྱོད་པ་མང་པོས་དགའ་བསུ་ཐོབ་ཡོད་པ་རེད།

དེ་དང་ཆབས་ཅིག  བློ་བཟང་སྦྱིན་པས་རང་ཉིད་གཅིག་པུ་ཕྱུག་འགྱུར་བྱས་པར་ཡིད་མ་ཚིམས་པར་གཅུང་པོ་དང་མཉམ་དུ་གྲོང་ཚོའི་དུད་ཚང་རེ་རེར་བསྐྱོད་དེ་གྲོང་མི་ཚོ་མཉམ་ལས་ཁང་ལ་ཞུགས་རྒྱུར་སྐུལ་སློང་བྱས་པ་དང་། མིག་སྔའི་བར། ཀུང་སིས་ཁྱོན་བསྡོམས་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་དྲུག་ལྷག་ཙམ་བཏང་བའི་བོད་སྨན་སྨན་རྩྭ་འདེབས་འཛུགས་རྟེན་གཞིའི་རྒྱ་ཁྱོན་མུའུ་ལྔ་བརྒྱ་ལྷག་ཟིན་པ་དེ་ཆུ་མཁར་གྲོང་ཚོ་དང་། ཤག་ལྷོ་གྲོང་ཚོ། གདོང་མཁར་གྲོང་ཚོ་བཅས་གསུམ་ལ་ཁྱབ་ཡོད་པ་དང་། བསྡོམས་པས་ཁྱིམ་ཚང་བརྒྱ་དང་དགུ་བཅུ་ཡི་མི་དྲུག་བརྒྱ་རེ་ལྔ་མཉམ་ལས་ཁང་དེར་ཞུགས་པར་ཁྱིམ་ཚང་རེར་ཆ་སྙོམས་འབབ་ཡོང་འབབ་སྒོར་སྟོང་ལྔ་ལྷག་ཙམ་ཡོད་པ་རེད། དེ་དང་ཆབས་ཅིག མཉམ་ལས་ཁང་གིས་ད་དུང་མང་ཚོགས་དབུལ་པོ་སུམ་ཅུ་ལྷག་ལ་སྐུལ་ཁྲིད་བྱས་ནས་ཁོང་ཚོ་མི་རེར་ཡོང་འབབ་སྒོར་སྟོང་ལྔ་དང་དྲུག་བརྒྱ་ལྷག་བྱུང་ནས་བདེ་བླག་ངང་དབུལ་ཐར་བྱས་ཡོད་པ་རེད།

“རྗེས་ཕྱོགས་སུ་ཀུང་སིས‘ཀུང་སི+མཉམ་ལས་ཁང་+རྟེན་གཞི+ཞིང་ཁྱིམ’ཀྱི་རྣམ་པ་སྤྱད་ནས་མུ་མཐུད་གཉེར་སྐྱོང་དང་། ‘ཁྱིམ་ཚང་དབུལ་པོ་འཇོན་ཐང་ཅན་གྱི་རྗེས་སུ་འབྲང་བ་དང་། འཇོན་ཐང་ཅན་རྣམ་གྲངས་ཀྱི་རྗེས་སུ་འབྲང་བ། རྣམ་གྲངས་ཐོན་ལས་ཀྱི་རྗེས་སུ་འབྲང་བ། ཐོན་ལས་ཁྲོམ་རའི་རྗེས་སུ་འབྲང་བའི’བསམ་ཕྱོགས་རྒྱུན་འཁྱོངས་བྱེད་པ།  ཐོན་ལས་ལ་བརྟེན་ནས་མང་ཚོགས་དབུལ་ཐར་ལ་སྐུལ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བཅས་བྱས་ནས། ཉིས་སྟོང་བཅུ་དགུ་ལོའི་ལོ་མཇུག་ཏུ། བོད་སྨན་སྨན་རྩྭ་འདེབས་འཛུགས་རྟེན་གཞིའི་རྒྱ་ཁྱོན་མུའུ་སྟོང་གཅིག་བར་རྒྱ་སྐྱེད་བཏང་སྟེ། མང་ཚོགས་སྔར་བས་མང་པོར་ཕན་པ་བསྐྲུན་ནས་གྲོང་གསེབ་མགྱོགས་མྱུར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ཡིན”ཞེས་བློ་བཟང་སྦྱིན་པས་བཤད་པ་རེད། །

རྩོམ་སྒྲིག་པ། འབྲུག་མོ།