འཛུམ་མདངས་ཀྱི་ནུས་པ།
2019.09.16 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 42

མདང་ནུབ་ལུས་ཕུང་ཅུང་མ་བདེ་བས།  ཞོགས་པར་སེམས་ཁམས་ཀྱང་ལྗིད་ཏིག་ཏིག་ཏུ་གྱུར་ནས་མི་སྐྱིད་པས།  ང་རང་ར་སྐོར་གྱི་མེ་ཏོག་ལྡུམ་རའི་ནང་དུ་འཆམ་འཆམ་ལ་སོང་བ་ཡིན།  སྐབས་དེར་ངོ་མི་ཤེས་པའི་བུ་མོ་ཆུང་ཆུང་ཞིག་གིས་དཔེ་ཁུག་རྒྱབ་ཏུ་ཁུར་ཏེ་ངའི་ཉེ་འགྲམ་བརྒྱུད་ནས་འགྲོ་སྐབས།འགྲོ་མཚམས་བཞག་སྟེ་གདོང་ལ་འཛུམ་གྱིས་ཁེངས་བཞིན“ཨ་ནེ་ལགས།ཞོགས་པ་བདེ་མོ”ཞེས་སྐད་གསང་མཐོན་པོས་འཚམས་འདྲི་བྱས།

གློ་བུར་དུ་ང་རང་ཡ་མཚན་ཞིང་སེམས་ལ་བདེ་སྣང་བརྗོད་མི་ཤེས་པ་ཞིག་བྱུང་ཞིང་། བུ་མོ་ཆུང་ཆུང་དེའི་གདོང་གི་འཛུམ་མདངས་དེ་ནི་མུན་ནག་ཁྲོད་ཀྱི་འོད་སྣང་བཞིན་ངའི་སེམས་ཀྱི་མུན་པ་གཏོར་ཞིང་། རྣམ་རིག་ཀྱང་ཇེ་གསལ་ལ་སོང་བ་ལྟ་བུའི་ཚོར་སྣང་ཞིག་བྱུང་སྟེ། སེམས་ནང་དུ་དྲོད་ཀྱིས་ཁེངས། བུ་མོ་དེའི་འཛུམ་མདངས་ལས་ངས་ཐོག་དང་པོར་འཛུམ་མདངས་ཀྱི་ནུས་པ་མཐོང་ཞིང་སེམས་འགུལ་ཚད་མེད་ཐེབས། མཛུམ་མདངས་ལ་དངོས་གནས་ནད་རིགས་གསོ་བའི་ནུས་པ་བླ་མེད་ཅིག་ལྡན་ལ །དྭངས་གཙང་གི་ཆུ་མིག་བཞིན་དུ་མིའི་སེམས་ཀྱི་སྡུག་བསྔལ་ཡོངས་རྫོགས་གཙང་བཀྲུ་བྱེད།

སྐབས་ལན་རེར། ལྷག་བསམ་གྱིས་ཕྱུག་པའི་འཛུམ་མདངས་ཤིག་གིས་མི་གཞན་པར་བསམ་ཡུལ་ལས་འདས་པའི་ཚོར་སྣང་སྦྱིན་ཐུབ་པ་སྟེ། དེས་ཡིད་ཐང་ཆད་པའི་མི་ལ་སྤྲོ་སྐྱིད་སྦྱིན་ཐུབ་ལ། རེ་ཐག་ཆད་པའི་མི་ལ་རེ་བ་བསླང་སྟེ་མུ་མཐུད་དུ་བརྩོན་པའི་གོ་ཆ་བགོ་བའི་སྙིང་སྟོབས་སྦྱིན་ཐུབ།

འདི་ནི་འཛུམ་མདངས་ཀྱི་ནུས་པ་བླ་མེད་ཅིག་ཡིན་ཏེ། འཛུམ་མདངས་ཀྱིས་མི་གཞན་པར་དཔྱིད་དཔལ་ལྟ་བུའི་སྤྲོ་སྐྱིད་སྦྱིན་ཐུབ་པར་མ་ཟད། རང་ཉིད་ལའང་བརྗོད་མི་ཚར་བའི་ནུས་པ་སྦྱིན་ཐུབ། སེམས་ཁམས་རིག་པ་བས་ཞིབ་འཇུག་ལས་ཤེས་པ་ལྟར་ན། འཛུམ་མདངས་ཀྱིས་སེམས་ཁོང་གི་གནོན་ཤུགས་ཡོངས་རྫོགས་མེད་པར་བཟོ་བར་མ་ཟད། སེམས་ཁམས་མི་སྐྱིད་པའི་སྐབས་སུ། མེ་ལོང་ལ་གདོང་གཏད་དེ་རང་གིས་རང་ཉིད་མཛུམ་གྱིས་བསུས་ན། རང་ཉིད་ཀྱི་སེམས་ལ་སྨྲ་མི་ཤེས་པའི་ནུས་པ་ཞིག་བསྐྱེད་ཐུབ། མི་སུ་ཞིག་ཡིན་རུང་མི་ཚེའི་ཆུ་རྒྱུན་རིང་མོའི་ཁྲོད་དཀའ་ཁག་གང་མང་ལ་འཕྲད་སྲིད་པས། དཀའ་ཁག་ལ་འཕྲད་པའི་སྐབས་སུ་སྔར་བཞིན་གདོང་ལ་འཛུམ་གྱིས་ཁེངས་ཐུབ་ན། ད་གཟོད་འཚོ་བའི་ཁྲོད་ཀྱི་རྒྱལ་ཁ་ལེན་མཁན་ཡིན། དེ་བས་འཛུམ་མདངས་ལ་ནམ་ཡང་སེར་སྣ་མི་བྱེད་པར། ཞོགས་པར་མལ་ནས་ལངས་རྗེས་རང་གིས་རང་ལ་འཛུམ་མདངས་སྟོན་པ་དང་དུས་རྒྱུན་གཞན་ལ་འཛུམ་མདངས་སྟོན་རོགས། །

རྩོམ་སྒྲིག་པ། འབྲུག་མོ།