ཅི་ཞིག་ལ་སེམས་ཁམས་ལོ་ཚོད་ཟེར།
2019.09.16 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 32

མིའི་ལོ་ཚོད་ལ་དབྱེ་ན་ལུས་ཁམས་ལོ་ཚོད་དང་སེམས་ཁམས་ལོ་ཚོད་གཉིས་ཡོད་ལ། འཛམ་གླིང་སྟེང་སེམས་ཁམས་ལོ་ཚོད་དང་ལུས་ཁམས་ལོ་ཚོད་གཉིས་འདྲ་མཚུངས་ཡིན་པའི་གནས་ཚུལ་ཧ་ཅང་ཉུང་བར་བཤད། དེ་བས་སྔ་མ་དེ་རྗེས་མ་ལས་མཐོ་ནའང་རྒྱུན་ལྡན་གྱི་གནས་ཚུལ་ཞིག་ཡིན་པ་ལས་ནད་གཞི་བྱུང་བ་མ་ཡིན་ཏེ། ང་ཚོས་དེ་ལྟ་བུར་མི་མ་རྒས་སེམས་རྒས་ཟེར།

སེམས་ཁམས་ལོ་ཚོད་ནི་མི་དེའི་སེམས་ཁམས་ནར་སོན་པའི་ཚད་གཞིའི་མཚོན་བྱེད་ཅིག་ཡིན། དཔེར་ན། ལོ་ཉི་ཤུ་ཅན་གྱི་མི་ཞིག་དོན་དག་སྣ་ཚོགས་ལ་འཕྲད་ཅིང་བརྒྱུད་ནས་ཡོང་བས་ན་ལོ་བཞི་བཅུ་ཅན་ཞིག་གི་མིའི་སེམས་ཁམས་ཡོད་ཀྱང་སྲིད་ལ། ལོ་ལྔ་བཅུ་ཅན་གྱི་རྒན་པ་ཞིག་ལ་ན་གཞོན་ལྟ་བུའི་གཤིས་སྤྱོད་ཡོད་ཀྱང་སྲིད།

སེམས་ཁམས་ལོ་ཚོད་ཅེས་པ་ནི་མིའི་སེམས་ཁམས་ཀྱི་སྤྱིའི་ཁྱད་ཆོས་ལས་མངོན་པའི་ལོ་ཚོད་ཅིག་ཡིན་པ་ལས་ལུས་ཁམས་ལོ་ཚོད་དང་གཅིག་མཚུངས་མིན་ཏེ། མི་ཞིག་གི་ཚེ་རབས་རྫོགས་རག་བར་དུ་སེམས་ཁམས་ལོ་ཚོད་ཀྱི་བརྒྱུད་རིམ་བརྒྱད་ཙམ་བརྒྱུད་དགོས་ཤིང་། དེ་ནི་མངལ་སྒོར་ཞུགས་པའི་དུས་དང་ཕྲུ་གུ་དམར་འབྱར་དུས། བྱིས་པའི་དུས། སློབ་ལོ་རན་པའི་དུས། གཞོན་ནུ་ལོ་ཆུང་གི་དུས། གཞོན་དུས། དར་མའི་དུས། རྒན་པའི་དུས་བཅས་སོ།  སེམས་ཁམས་ལོ་ཚོད་རེ་རེར་གཞན་དང་མི་འདྲ་བའི་སེམས་ཁམས་ཁྱད་ཆོས་རེ་ལྡན་ལ། དཔེར་ན་བྱིས་དུས་སུ་སེམས་ཁམས་དེ་ལྷད་མེད་དྭངས་གཙང་ཞིག་ཡིན་ཞིང་། གཞོན་དུས་རང་སྣང་མཐོ་བ། རྒས་དུས་བརྟན་ཚིགས་དང་བྱམས་སེམས་ལྡན་པ་སོགས་ཀྱི་ཁྱད་ཆོས་སྣ་ཚོགས་ཡོད།

སེམས་ཁམས་ལོ་ཚོད་ཀྱི་མཐོ་དམན་ལ་མི་དེས་ཆུང་དུས་མྱངས་བའི་སློབ་གསོ་དང་རང་གཤིས། མྱོང་བ། ཁོར་ཡུག་སོགས་དང་འབྲེལ་བ་དམ་ཟབ་ཡོད་པ་དང་། ཉེ་ལམ་གྱི་སེམས་ཁམས་ལ་ཡང་རག་ལས། སེམས་ཁམས་ལོ་ཚོད་ནི་མཚོན་བྱེད་རང་བཞིན་གྱི་བཤད་ཚུལ་ཞིག་ཡིན་པ་ལས། བརྟན་འཇགས་རང་བཞིན་མེད་ལ། མི་སྒེར་གྱི་འབད་བརྩོན་ལ་བསྟེན་ནས་ལེགས་སྒྲིག་གམ་ལེགས་བཅོས་བྱས་ཀྱང་ཆོག

སེམས་ཁམས་ལོ་ཚོད་ཀྱི་མཐོ་དམན་ལ་མཐའ་གཅིག་ཏུ་བཟང་ངན་དབྱེ་རྒྱུ་མེད་ནའང་སོ་སོར་དགེ་བ་དང་གནོད་པ་ཡོད། མིའི་སེམས་ཁམས་ལོ་ཚོད་དང་ལུས་ཁམས་ལོ་ཚོད་གཉིས་ནི་དོ་མཉམ་གྱི་འབྲེལ་བ་ཡིན་ཡང་། ཁོར་ཡུག་དང་སློབ་གསོ་མི་འདྲ་བའི་ཤུགས་རྐྱེན་འོག བྱེ་བྲག་དང་དོ་མི་མཉམ་པའི་རང་བཞིན་ཡང་མངོན་ངེས། དེ་བས། མིའི་སེམས་ཁམས་ལོ་ཚོད་དང་སྐྱེ་ཁམས་ལོ་ཚོད། དེ་མིན་བློ་རིག་གི་ལོ་ཚོད་སོགས་ནི་དུས་མཉམ་དུ་འཕེལ་བ་ཞིག་མ་ཡིན་ནོ། །

རྩོམ་སྒྲིག་པ། འབྲུག་མོ།