སེམས་ཁམས་ཇི་ལྟར་སྙོམས་སྒྲིག་བྱེད་དགོས།
2019.09.20 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 34

སྤྱི་ཚོགས་འཚོ་བ་དངོས་ནང་བསམ་དོན་ལྷུན་གྱིས་མི་འགྲུབ་པའི་དུས་མང་པོར་འཕྲད་སྲིད། དེ་དུས་སེམས་ཁམས་སྙོམས་སྒྲིག་བྱེད་མ་ཐུབ་ཚེ་ལུས་ཕུང་དང་སེམས་ཁམས་ལ་ནད་རིགས་སྣ་ཚོགས་འབྱུང་ཉེན་ཆེ། དེ་བས་ལུས་སེམས་སྙོམས་སྒྲིག་ཡོང་ཆེད། ཨ་རིའི་སེམས་ཁམས་འཕྲོད་བསྟེན་སློབ་ཚོགས་ཀྱིས་མན་ངག་ཁག་འགའ་བཏོན་ཡོད་པ་གཤམ་གསལ་ལྟར།

རང་ལ་བཙན་མི་འཛུགས་པ། མི་རེ་རེར་རང་རང་གི་བསམ་འདུན་རེ་ཡོད་ལ། མི་ལ་ལས་བསམ་འདུན་དེ་འགྲུབ་ཆེད་རང་ལ་རེ་བ་ཆེན་པོ་བཅངས་ནས་ཨུ་ཚུགས་ཀྱིས་སྒྲུབ་པ་དང་། བྱ་བ་མ་འགྲུབ་ཚེ་ལེ་བདའ་དང་སྐྱོ་སྣང་སོགས་སྐྱེས་ནས་མཐའ་མར་རང་སྡུག་རང་ཉོ་བར་བྱེད་ཅིང་། ལ་ལས་དོན་དག་བདེ་བླག་ངང་ལེགས་འགྲུབ་བྱུང་ཡང་། སྐྱོན་ཅུང་ཙམ་ཡོད་པ་དེར་འཁང་ར་བྱས་པས་བློ་སེམས་མི་བདེ་བར་གྱུར་ཏེ་རང་ཉིད་སྡུག་ལ་སྦྱོར་བཞིན་ཡོད། དེ་བས། བྱ་བ་སོགས་སྒྲུབ་དུས་ཨུ་ཚུགས་མཐར་སྐྱེལ་མི་བྱེད་པར། རང་གི་དམིགས་ཡུལ་དེ་རང་ནུས་ཐོན་པའི་ཁྱབ་ཁོངས་སུ་བཞག་ནས་སྒྲུབ་པ་དང་། རང་གིས་བསྒྲུབས་ཟིན་པའམ་ཐོབ་ཡོད་པའི་གྲུབ་འབྲས་ལ་མྱོང་རོལ་བྱེད་ཤེས་ན་ད་གཟོད་སེམས་ཁམས་ལྷོད་ལ་འབབ་ཐུབ།

རང་གི་ཁོང་ཁྲོ་བསལ་དགོས། ང་ཚོར་ཁྲོ་བའི་མེ་ལྕེ་འབར་དུས། རང་གི་སྐྱོན་དང་མི་ལེགས་པའི་རྣམ་འགྱུར་མང་པོ་ཞིག་ཕྱི་རུ་མངོན་སྲིད། དེ་བས་རྗེས་ནས་འགྱོད་ན་གླེན་པ་ཡིན་ཞེས་པའི་དཔེ་ལྟར། ཁོང་ཁྲོ་ལངས་དུས་མགྱོགས་མྱུར་ངང་རྣམ་འགྱུར་མི་ལེགས་པ་མང་པོ་ཕྱི་ཚུལ་དུ་མངོན་པ་ལས། སྤོ་ལོ་རྩེ་བ་དང་གླུ་ལེན་གར་རྩེད་ལ་རོལ་བ་སོགས་བྱས་ནས་སེལ་ཐབས་བྱས་ན་བཟང་།

སྐབས་སྐབས་སུ་མགོ་སྒུར་ནས་ཕམ་ཁ་ཁུར་དགོས། དོན་ཆེན་སྒྲུབ་མཁན་ཞིག་ཡིན་ཚེ་མིག་རྒྱང་རིང་དགོས། དེ་བས་དོན་དག་གི་རྩ་བར་གནོད་པ་མེད་ན། སྐྱོན་ཆུང་ཆུང་ལ་དོ་ཁུར་ཆེན་པོ་བྱས་ནས་རང་ཉིད་སྡུག་ལ་སྦྱོར་མི་རུང་།

གནས་སྐབས་སུ་གཡོལ་བ། འཚོ་བའི་ཁྲོད་དཀའ་སྡུག་ལ་འཕྲད་དུས། གནས་སྐབས་སུ་སྡུག་པའི་གནས་དེ་དང་འབྲལ་བ་དང་། དོན་དག་དེར་གཡོལ་ནས་རང་ཉིད་སྤྲོ་བ་ཡོད་པའི་བྱ་བ་བསྒྲུབས་ན་བཟང་། དཔེར་ན། ལུས་རྩལ་སྦྱོང་བ་དང་དཔེ་ཆར་ལྟ་བ། གློག་བརྙན་ ལ་ལྟ་བ་དང་གཉིད་པ་སོགས་བྱས་ནས། བློ་ཅུང་བདེ་ལ་འབབ་ཏུ་བཅུག་རྗེས་ད་གཟོད་རིམ་གྱིས་གནད་དོན་ལ་གདོང་གཏད་ཆོག

གཞན་ལ་སེམས་གཏམ་བརྗོད་པ། དོན་དག་ཡོད་ཚད་རང་གཅིག་པུའི་སེམས་ལ་བཟུང་ན་སེམས་ཀྱི་ཁུར་བོའམ་སྡུག་བསྔལ་ཇེ་ལྗིད་དུ་འགྲོ་བས། རང་གི་སྡུག་བསྔལ་དང་སེམས་ཁམས་སོགས་གཞན་ལ་བཤད་ནས་སྐྱོ་བ་བསལ་དགོས།

དུས་ཚོད་ངེས་ཅན་ནང་ལ་དོན་དག་སྣ་གཅིག་སྒྲུབ་པ། གནད་དོན་མང་པོ་ཞིག་ལ་དུས་གཅིག་ཏུ་འཕྲད་དུས། སེམས་ཀྱི་གནོན་ཤུགས་ཆེ་དྲགས་པས་ནད་གཞི་མང་པོ་འབྱུང་སྲིད་པ་རེད། དེ་བས་བློ་སེམས་རྩེ་གཅིག་གིས་དོན་དག་སྣ་གཅིག་ཡག་པོར་བསྒྲུབས་ན་གནོན་ཤུགས་ཆེན་པོར་མི་འཕྲད་པ་དང་དོན་དག་ཡང་ཡུན་གྱིས་འགྲུབ་ངེས་རེད།

མི་གཞན་དང་འགྲན་རྩོད་མི་བྱེད་པ། མི་ལ་ལའི་སེམས་ཁམས་སྙོམས་སྒྲིག་བྱེད་མི་ཐུབ་པ་དེ་ཕ་རོལ་པོ་རང་གི་འགྲན་ཡར་བརྩིས་ཡོད་པས་རེད། དེ་ལྟར་བྱས་ཚེ་རང་ཉིད་ལྷོད་ལ་འབབ་ཐབས་བྲལ་བ་དང་། དུས་ཡུན་རིང་པོར་འཚབ་འཚུབ་ངང་བསྡད་ན་སེམས་ཁམས་ལ་གནོན་ཤུགས་ཆེན་པོ་ཐེབས་ངེས་རེད། དེ་བས་མི་གཞན་ལ་འགྲན་རྩོད་མི་བྱེད་པར། སེམས་ལྷོད་ལྷོད་ངང་འདུག་རྒྱུ་གལ་ཆེ།

གཞན་ལ་བྱམས་སེམས་སྒོམ་པ། ང་ཚོ་གཞན་དང་འདྲེས་དཀའ་བ་དེ་ཡང་གཙོ་བོ་ང་ཚོ་རང་ལ་དོགས་ཟོན་ཆེ་དྲགས་པས་རེད། དེ་བས་དོགས་ཟོན་ཆེན་པོ་མི་བྱེད་པར་གྲོགས་མང་དུ་བསྒྲིགས་ནས་རོགས་རམ་དང་བྱམས་སྐྱོང་བྱས་ན། ཁོ་ཚོས་ཀྱང་ཁྱོད་ལ་ཤ་ཚ་ཚ་བྱེད་ངེས།

རོལ་རྩེད་ལ་དགའ་བ། འདི་ནི་སེམས་ཁམས་གནོན་ཤུགས་སེལ་བྱེད་ཀྱི་ཐབས་ཤེས་ཆེས་ལེགས་པོ་ཤིག་རེད། རོལ་རྩེད་ཀྱི་རྣམ་གྲངས་གཙོ་བོ་མ་ཡིན་པར། རོལ་རྩེད་ལ་རོལ་བ་བརྒྱུད་ནས་རང་ཉིད་ལྷོད་ལ་འབབ་ཏུ་འཇུག་རྒྱུ་དེ་གལ་ཆེའོ། 

རྩོམ་སྒྲིག་པ། འབྲུག་མོ།