གོམས་སྲོལ་ངན་པ་འདི་དག་གིས་ལུས་ཕུང་ལ་གནོད་འཚེ་ཚབས་ཆེན་ཐེབས་ཀྱིན་ཡོད།
2019.09.20 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 25

གཅིག ཞོགས་ཟས་མི་བཟའ་བ།

ཞིབ་འཇུག་ལས་མངོན་པ་ལྟར་ན། ཞོགས་ཟས་མ་ཟོས་ན་མིའི་ཚེ་ཐག་ཆ་སྙོམས་ཀྱིས་ལོ་གཉིས་དང་ཟླ་ལྔ་ཡིས་ཇེ་ཐུང་དུ་འགྲོ་བཞིན་ཡོད། ཞོགས་ཟས་མ་ཟོས་ན་ཀླད་པས་ཚ་དྲོད་མཐོ་བའི་ཟས་རིགས་ཀྱི་དགོས་མཁོ་ཡོད་པའི་བརྡ་རྟགས་བཏང་སྟེ། དྲོས་ཇ་དང་ནུབ་འཚལ་འཐུང་བའི་སྐབས་སུ“བཅུད་མེད་ཟས་རིགས”བཟའ་བའི་ཚད་ཇེ་མཐོར་འགྲོ་བ་རེད། དེ་ལྟར་དུས་ཡུན་རིང་ན་ལུས་ལ་ཚོ་རྒྱས་པ་དང་ཁྲག་ཤེད་ཇེ་མཐོར་སོང་ནས། ཁྲག་ཚིལ་མཐོ་བའི་ནད་དང་གཅིན་སྙི་ཟ་ཁུའི་ནད་འབྱུང་བའི་ཉེན་ཁ་ཇེ་མཐོར་འགྲོ་སྲིད།

སྔོན་འགོག་བྱེད་ཐབས། ཞོགས་ཟས་ནི་ཉིན་གཅིག་གི་ཆེས་གལ་ཆེ་བའི་ཟས་ཐུན་ཞིག་ཡིན་པས། ཞོགས་ཟས་ལ་འཚོ་བཅུད་ལྡན་པའི་ཟས་རིགས་བཟའ་དགོས་ལ། བྱ་སྒོང་ནི་ཆེས་ལེགས་པའི་གདམ་གསེས་ཤིག་ཡིན་ཏེ།“ཞོགས་པར་བྱ་སྒོང་གཅིག་ཟོས་ན། ལུས་ཚོ་བྱང་ལ་ཀླད་པར་ཕན། ”ཟེར་སྲོལ་ཡོད།

གཉིས། གློག་ཀླད་ལ་ལྟ་ཡུན་རིང་བ།

ཡུན་རིང་བོར་གློག་ཀླད་ཀྱི་མདུན་དུ་ཙོག་སྟེ་མ་འགུལ་ན། ཁྲག་རྒྱུན་འབྱར་བག་ཅན་དུ་འགྱུར་བ་དང་། ཁོག་སྨད་ཀྱི་སྡོད་རྩར་ཁྲག་དཀག་འབྱུང་བའི་ཉེན་ཁ་ཆེ་ལ། འགུལ་སྐྱོད་བྱེད་པའི་སྐབས་སུ་ཁྲག་དཀག་གློ་བུར་མར་ལྷུང་སྟེ། གློ་བར་བའི་གནོད་པ་འབྱུང་བ་དང་། ཚབས་ཆེན་ཡིན་ན་གློ་བུར་ཤི་བའི་ཉེན་ཁའང་ཡོད།

སྔོན་འགོག་བྱེད་ཐབས། དུས་ཚོད་གཅིག་རེའི་ནང་དུ་ཡར་ལངས་ནས་སྐར་མ་ལྔའི་རིང་ལ་འགུལ་སྐྱོད་བྱས་ན། ཙོག་ཡུན་རིང་བའི་གནོད་པ་སེལ་ཐུབ།

གསུམ། ཟ་མ་ཟོས་རྗེས་མྱུར་དུ་ཐ་མག་འཐེན་པ།

“ཟ་མ་ཟོས་རྗེས་ཐ་མག་རྐང་གཅིག་འཐེན་ན། འཚོ་བ་ལྷ་ཡུལ་ལས་ཀྱང་སྐྱིད།”ཅེས་པའི་བཤད་སྲོལ་ཡོད་མོད། འོན་ཀྱང་ཐ་མག་རྐང་གཅིག་གིས་ཁྱེད་རང“གློ་ཡུའི་གཉན་ཚད་དང་གློ་སྙིང་ནད་དང་གློ་འབྲས”སོགས་ཀྱི་ཤི་རྐྱེན་ཆེན་པོ་གསུམ་དང་ཐག་ཇེ་ཉེར་སོང་ཡོད། ཞིབ་འཇུག་ལས་མངོན་པ་ལྟར་ན། ཚེ་གང་པོར་ཐ་མག་འཐེན་མཁན་ནི་ཐ་མག་མི་འཐེན་པའི་མི་ལས་ལོ་ཉི་ཤུ་ནས་ཉེར་ལྔ་ཡིས་ཚེ་ཐག་ཇེ་ཐུང་དུ་སོང་ཡོད་པ་དང་། ཐ་མག་རྐང་གཅིག་འཐེན་ན་ཚེ་ཐག་སྐར་མ་བཅུ་གཅིག་གིས་ཇེ་ཐུང་དུ་སོང་ཡོད།

སྔོན་འགོག་བྱེད་ཐབས། ཟ་མ་མ་ཟོས་པའི་སྔོན་དང་ཡང་ན་ཟོས་རྗེས་གང་ཞིག་ཡིན་རུང་ངེས་པར་དུ་ཐ་མག་དང་རིང་དུ་གྱེས་དགོས།

བཞི། གཅིན་བསྲན་པ།

བྱ་བར་བྲེལ་བ་ཆེ་བ་དང་སློབ་སྦྱོང་ལ་བྲེལ་བ་ཆེ་བ། རོལ་རྩེད་ལ་གཡེང་བ་བཅས་ཀྱི་དབང་གིས། སྐོམ་སྣང་སྐྱེས་ནའང་ཆུ་མི་འཐུང་བ་དང་། གཅིན་ཤོར་ནའང་བཟོད་བསྲན་བྱེད་པ་སོགས་ཀྱིས་མཚང་ཁོག་གི་དོན་སྣོད་ཀྱི་བྱེད་ནུས་འཁྲིགས་ཏེ། རིམས་འགོག་ནུས་པ་ཇེ་དམའ་རུ་གཏོང་བ་རེད། མི་ལ་སྐོམ་སྣང་སྐྱེས་པའི་སྐབས་སུ་ལུས་སྟེང་གི་ཆུ་བརྒྱ་ཆའི་གཅིག་ཤོར་ཟིན་པ་དང་། དུས་ཡུན་རིང་པོར་ཆུ་ཤོར་ན་ཁྲག་རྒྱུན་འབྱར་བག་ཅན་དུ་གྱུར་ཏེ་ཀླད་སྙིང་ཁྲག་རྩའི་ནད་འབྱུང་སླ།

སྔོན་འགོག་བྱེད་ཐབས། ཆུ་འཐུང་སྐབས་ཚད་ཉུང་མང་འཐུང་བྱེད་དགོས། དེ་ལྟར་བྱས་ན་ལུས་སྟེང་གི་ཆུ་དོ་མཉམ་ཡོང་བར་མ་ཟད། སྙིང་དང་ཕོ་བའི་ཁུར་བོ་ཇེ་ལྗིད་དུའང་གཏོང་མི་སྲིད་པ་རེད། སྐོམ་སྣང་སྐྱེས་པ་ནི་ལུས་སྟེང་གི་ཆུ་ཤོར་བའི་རྟགས་ཤིག་ཡིན་པས། སྐོམ་སྣང་སྐྱེས་རག་བར་དུ་མི་སྒུག་པར་དུས་ངེས་མེད་དུ་ཆུ་འཐུང་དགོས། དེ་ལས་ཀྱང་ཡིད་ལ་འཛིན་དགོས་པ་ཞིག་ནི། གཅིན་གཏན་ནས་བསྲན་མི་རུང་། ཆེས་བཟང་ན་དུས་ཚོད་གཅིག་གི་ནང་དུ་གཅིན་ཐེངས་གཅིག་རེར་གཏོང་དགོས།

ལྔ་པ། རྒྱས་བཟའ་རྒྱས་འཐུང་བྱེད་པ།

གསོལ་ཅོག་སྟེང་དུ་བྱ་བར་གྲོས་མོལ་བྱེད་སྐབས། རྒྱས་བཟའ་རྒྱས་འཐུང་བྱེད་སླ། གསོལ་ཅོག་སྟེང་དུ་གོ་མེད་ཚོར་མེད་ངང་ཆང་དང་ཐ་མག་ལ་བག་མེད་དུ་རོལ་ཏེ། ཕོ་རྒྱུ་ལ་གནོད་འཚེ་མང་པོ་གཏོང་བཞིན་ཡོད་པར་མ་ཟད། ལུས་པོའི་ལྗིད་ཚད་ཇེ་ལྗིད་དུ་སོང་ནས། འབྲས་སྐྲན་སློང་བའི་ཉེན་ཁ་ཆེ།

སྔོན་འགོག་བྱེད་ཐབས།“ནངས་ཇ་བཟང་དགོས། དྲོས་ཇ་མང་དགོས། དགོང་ཇ་ཉུང་དགོས”ཞེས་པའི་སྐད་ཆ་འདི་ཡིད་ལ་དམ་པོར་འཛིན་དགོས།

དྲུག་པ། ཉལ་ཁར་ཟ་མ་བཟའ་བ།

ཉལ་ཁར་ཟ་མ་ཟོས་ན་ཕོ་བའི་འབྲས་སྐྲན་འབྱུང་བའི་ཉེན་ཁ་ཇེ་མཐོར་འགྲོ་བ་རེད། དེ་ནི་ཕོ་བའི་འབྱར་བག་གི་སྐྱི་ངོས་ཕྲ་ཕུང་གི་ཚེ་ཚད་ཐུང་བ་དང་། སྤྱིར་བཏང་གིས་ཉིན་གཉིས་ནས་གསུམ་གྱི་ནང་དུ་བསྐྱར་འབྱུང་ཐེངས་གཅིག་བྱེད་ཀྱིན་ཡོད་པར་མ་ཟད། ཏག་ཏག་དགོང་མོ་གཉིད་ཡོད་པའི་སྐབས་སུ་བསྐྱར་འབྱུང་བྱེད་ཀྱིན་ཡོད་པས་རེད། གལ་ཏེ་རྒྱུན་དུ་དགོང་མོ་ཉལ་ཁར་ཟ་མ་ཟོས་ན། ཕོ་བའི་འབྱར་བག་ཉམས་གསོ་བྱེད་མི་ཐུབ་པས། ཉལ་ཁར་ཟོས་པའི་ཟ་མ་དེ་ཕོ་བའི་ནང་བསོགས་ཏེ་ཕོ་བའི་གཤེར་ཁུ་མང་པོ་ཟགས་ཐོན་འབྱུང་བ་དང་། ཕོ་བའི་འབྱར་བག་ལ་ཕོག་ཐུག་གཏོང་བ་རེད།

སྔོན་འགོག་བྱེད་ཐབས། རང་ཉིད་ཀྱི་བདེ་ཐང་གི་ཆེད་དུ། དགོང་མོ་ཉལ་ཁར་ཅི་ནུས་ཀྱིས་ཟ་མ་མི་བཟའ་བའམ་ཡང་ན་ཉུང་བཟའ་བྱེད་དགོས། ངེས་པར་དུ་བཟའ་དགོས་པ་བྱུང་ན། འཚོ་བཅུད་བཟང་ལ་འཇུ་སླ་བའི་ཟས་རིགས་ཉུང་ཙམ་བཟའ་དགོས།

བདུན།འབོལ་ཁྲིའི་སྟེང་དུ་ལོག་ནས་འདུག་པ།

ལུས་པོའི་རང་འདེགས་གང་ཡང་མི་བྱེད་པར་འབོལ་ཁྲིའི་སྟེང་དུ་ལོག་ནས་བསྡད་ན། སྒལ་ཚིགས་ལ་གནོད་འཚེ་ཆེན་པོ་ཐེབས་པ་རེད། དེ་ལྟར་འདུག་ཡུན་རིང་ན་སྒལ་ཚིགས་ལ་གནོན་ཤུགས་ཐེབས་ཏེ། སྒལ་རུས་ཕྱིར་འབུར་པ་དང་སྒལ་ཚིགས་ཀྱི་དབྱིབས་འགྱུར་བའི་ཉེན་ཁ་ཆེ།

སྔོན་འགོག་བྱེད་ཐབས། སྒལ་བར་རྒྱབ་འབོལ་ཞིག་བཞག་ནས་ལུས་པོ་ཡར་འདེགས་དགོས། གལ་ཏེ་བརྟེན་སའི་རྒྱབ་འབོལ་མེད་ན། རྐུབ་སྟེགས་སྟེང་དུ་ཙོག་ནས་ལུས་པོའི་རང་འདེགས་བྱེད་དགོས།

བརྒྱད། ལག་ཁྱེར་ཁ་པར་དང་མི་འབྲལ་བ།

མལ་ཁྲིའི་སྟེང་དུ་ལག་ཁྱེར་ཁ་པར་བརྩེས་ནས་དུས་ཚོད་གཅིག་གི་ཡན་འགོར་ན། དེ་ལས་བྱུང་བའི་འགྱེད་འཕྲོ་ཡིས་མིའི་ལུས་སྟེང་གི་མདོག་རྒྱུ་ནག་པོའི་འབྱུང་ཚད་བརྒྱ་ཆའི་ཉེར་གཉིས་ཇེ་ཉུང་དུ་གཏོང་བ་རེད།

སྔོན་འགོག་བྱེད་ཐབས། མལ་ཁྲིའི་སྟེང་དུ་ལག་ཁྱེར་ཁ་པར་རྩེ་བའི་གོམས་གཤིས་ངན་པ་་དོར་ནས། ཆོས་ཉིད་ལྡན་པའི་ངལ་གསོའི་གོམས་སྲོལ་བཟང་པོ་ཞིག་ཆགས་སུ་འཇུག་དགོས། ཉིན་རེར་གང་ནུས་ཀྱིས་གཅིག་གྱུར་གྱི་དུས་ཚོད་སྟེང་གཉིད་དགོས།

དགུ། གཉིད་ཀྱིས་མི་འདང་བ།

སུའུ་ཙེར་རྒྱལ་ཁབ་ཀྱི་དུས་ཡུན་ལོ་བཅོ་ལྔའི་རིང་གི་རྗེས་འདེད་ཞིབ་འཇུག་ཅིག་ལས་མངོན་པ་ལྟར་ན། གཉིད་ཡུན་དུས་ཚོད་བདུན་ཙམ་ལོངས་པའི་མི་ནི་གཉིད་ཡུན་དུས་ཚོད་བརྒྱད་བརྒལ་བའམ་ཡང་ན་དུས་ཚོད་དྲུག་མི་ལོངས་པའི་མི་ལས་ཚེ་ཐག་རིང་བ་དང་། ཉིན་རེའི་གཉིད་ཡུན་དུས་ཚོད་བདུན་མི་ལོངས་པའི་མིའི་ཚེ་ཐག་རྒྱུན་ལྡན་གྱི་མི་ལས་ཅུང་ཐུང་བ་རེད།

སྔོན་འགོག་བྱེད་ཐབས། ཉིན་རེར་གཉིད་ཡུན་དུས་ཚོད་དྲུག་ནས་བརྒྱད་ལོངས་པར་ཁག་ཐེག་བྱེད་དགོས་པར་མ་ཟད། སྔ་མོར་ཉལ་ཏེ་སྔ་མོར་ལངས་པའི་གོམས་སྲོལ་ཆགས་སུ་འཇུག་དགོས་སོ། །

རྩོམ་སྒྲིག་པ། འབྲུག་མོ།