ལོ་ལོན་རྒན་མོའི་སྐྱེ་ལམ་གཉན་ཚད།
2019.09.26 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 37

ལོ་ལོན་རྒན་མོའི་སྐྱེ་ལམ་གཉན་ཚད་ལ་རྒྱུ་རྐྱེན་དང་དབྱེ་བ། རྟགས་དང་བཅོས་ཐབས་བཅས་བཞི་ཡོད་པ་ལས།

དང་པོ་རྒྱུ་རྐྱེན།

རྒྱུ་རྐྱེན་ནི་བསམ་བསེའུ་བྱེད་ལས་ཉམས་རྒུད་དུ་སོང་སྟེ་ཟགས་ཐོན་གྱི་མངར་ཆའི་ཚད་སྐྱེ་ལམ་དུ་འགྲོ་མ་ཐུབ་པ་དང་། མོ་གཤིས་སྐུལ་རྩི་ཇེ་ཉུང་དུ་སོང་བ། སྐྱེ་ལམ་གྱི་གཤེར་རྨེན་གྱི་ནུས་པ་ཉམས་པ་བཅས་ཀྱིས་སྐྱེ་ལམ་ལ་གཙང་སེལ་བྱེད་མི་ཐུབ་པར་སྐྱེ་ལམ་རུབ་པའམ་འབྱར་བས་གཉན་ཚད་རྒྱས་ནས་བྱུང་བ་ཞིག་ཡིན།

གཉིས་པ།  དབྱེ་བ།

དེ་ལ་ནང་གསེས་སུ་དབྱེ་ན་ཁྲག་མཁྲིས་ལས་གྱུར་བ་དང་རླུང་ཚད་ལས་གྱུར་བ་གཉིས་ཡོད།

གསུམ་པ། ནད་རྟགས།

ཁྲག་མཁྲིས་ལས་གྱུར་བའི་ནད་རྟགས་ནི། རྩ་ཆུ་གཉིས་ལ་ཞིབ་ཏུ་བརྟག་ན་ཁྲག་མཁྲིས་ཀྱི་རྟགས་ཡོད་པ་དང་། གྲང་བ་དཀར་སེར་དྲི་ངན་ཅན་འབབ་པ། སྐབས་རེར་སྐྱེ་ལམ་ལ་ཚ་ཤུར་རྒྱག་པ། དེར་གསང་འབྱེད་ཆ་བྱད་བཀོལ་ནས་སྐྱེ་ལམ་ལ་ལྟ་དུས་སྐྱེ་ལམ་འབྲེལ་འབྱར་ཕྱེ་བས་ཁྲག་འབབ་པ་དང་སྐྱི་པགས་ཀྱི་མདོག་དམར་ཤས་ཆེ་བ་བཅས་ཡིན།

རླུང་ཚད་ལས་གྱུར་པའི་ནད་རྟགས་ནི་རྩ་ཆུ་གཉིས་ལ་རླུང་ཚད་ཀྱི་རྟགས་མངོན་པ་དང་ཐུར་སེལ་རླུང་དེ་དར་མ་ལས་ཅུང་ཉམས་ཡོད་པས་གྲང་དཀར་འབབ་ཚད་རྒྱུན་ལྡན་མིན་པ་དང་བབ་པ་དེར་དྲི་མ་མེད་ལ་ཁ་དོག་དཀར་ལ་སླ་བ་ཡིན། གཅིན་ཁ་སྙི་ཞིང་སྐྱེ་ལམ་དུ་ཚ་ལྷིང་ངེར་བྱེད་པའི་ཚོར་བ་ཡོད། འདིར་ཡང་གསང་འབྱེད་ཆ་བྱད་བཀོལ་ནས་སྐྱེ་ལམ་དུ་བརྟག་དཔྱད་བྱེད་དུས་སྐྱེ་ལམ་འབྲེལ་འབྱར་ཕྱེ་བས་ཁྲག་འབྱུང་བ་དང་སྐྱེ་ལམ་སྐྱི་པགས་ཀྱི་མདོག་དམར་སྐྱ་ཡིན་པ་རེད།

བཞི་བ། བཅོས་ཐབས།

བཅོས་ཐབས་ནི། ཁྲག་མཁྲིས་ལས་གྱུར་པར་བོང་ང་ནག་པོ་ཁེ་ཕྱེད་དང་རྩ་གུར་གུམ་ཁེ་གཉིས། རྒན་པ་རླུང་ཤས་ཆེ་བས་སྒོག་སྐྱ་ཁེ་ཕྱེད་བཅས་ཁེ་གསུམ་ཡོད་པ་ཁེ་གཅིག་རེ་བྱས་ནས་སྐྱེ་ལམ་དུ་གཏོར་ཐེངས་གསུམ་བྱེད་དགོས། ཁྲག་མཁྲིས་ལས་གྱུར་པའི་སྐྱེ་ལམ་གཉན་ཚད་ནི་བོད་སྨན་ལ་མཚོན་ན་བཅོས་སླ་བའི་རིགས་ཡིན་པས་གོང་གི་སྨན་ཕྱེ་དེ་དག་སྐྱེ་ལམ་ལ་ཉིན་གནངས་ཆར་བྱས་ནས་གཏོར་ཐེངས་གསུམ་ལས་མི་དགོས།

རླུང་ཚད་ལས་གྱུར་བའི་སྐྱེ་ལམ་གཉན་ཚད་ལ་ཐང་ཁྲོམ་དཀར་པོ་ཁེ་ཕྱེད་དང་། རྩ་གུར་གུམ་ཁེ་གཅིག སྒོག་སྐྱ་ཁེ་གཅིག་བཅས་སྐྱེ་ལམ་ལ་གཏོར་ཐེངས་གཉིས་བྱེད་དགོས།

དོ་སྣང་བྱེད་དགོས་པ་ནི་རྒན་པོ་ཟུངས་ཟད་ཀྱི་གསོ་བྱར་ཁྲག་མཁྲིས་སྐབས་ཀྱི་བོང་ང་ནག་པོ་དང་རླུང་ཚད་སྐབས་ཀྱི་ཐང་ཁྲོམ་དཀར་པོ་གཉིས་འཐེན་དགོས་པ་དང་སྒོག་སྐྱ་གཉིས་རང་གི་བློ་དང་རིག་པས་དཔྱད་ནས་སྣོན་འཕྲི་བྱེད་དགོས།

ལོ་ཙཱ་བ། འབྲུག་མོ།