བཙན་ཤུགས་རང་བཞིན་གྱི་ནད་རྟགས་ནི་སེམས་འཚབ་འཚུབ་ཅན་གྱི་མི་ཚོགས་ཁྲོད་རྒྱུན་དུ་མཐོང་བའི་ནད་རིགས་ཤིག་ཡིན། ནད་རིགས་དེ་བྱུང་བའི་ནད་པར་འཚོ་བའི་ཁྲོད་རྒྱུན་དུ་ཡང་དང་བསྐྱར་དུ་བཙན་ཤུགས་ཀྱི་འདུ་ཤེས་བྱུང་ནས་སེམས་བདེ་ལ་འབབ་མི་ཐུབ་པ་དང་། འཇིགས་སྣང་དང་སེམས་ཁྲལ་སོགས་སྐྱེས་པའི་སྣང་ཚུལ་ཐོན་གྱིན་ཡོད།
བཙན་ཤུགས་རང་བཞིན་གྱི་བསམ་གཞིགས། བཙན་ཤུགས་རང་བཞིན་གྱི་ནད་རྟགས་བྱུང་བའི་ནད་པས་རྒྱུན་དུ་རང་ཉིད་ལ་འབྱུང་མི་འདོད་པའི་དོན་དག་དེ་ཡིད་ལ་ཡང་ཡང་འཁོར་བའམ་ཡང་ན་གློ་བུར་གློ་བུར་དུ་དྲན་ཡོང་བ་སྟེ། དཔེར་ན། སྒོ་ཕྱིར་འགྲོ་བའི་སྐབས་སུ་སྒོ་ལ་ཟྭ་བརྒྱབ་མེད་པ། སྒོ་ཕྱིར་འགྲོ་སྐབས་ལྡེ་མིག་ཁྱེར་མེད་པ་སོགས་དྲན་ཚུལ་དེ་དག་བཙན་ཤུགས་ཀྱིས་སེམས་སུ་ཟུག་པ་ན་མི་ལ་སེམས་པ་འཚབ་འཚུབ་ཀྱི་སྣང་ཚུལ་ཐོན་པ་རེད།
བཙན་ཤུགས་རང་བཞིན་གྱི་བྱ་སྤྱོད། བཙན་ཤུགས་རང་བཞིན་གྱི་བྱ་སྤྱོད་ཀྱིས་གནས་སྐབས་སུ་བཙན་ཤུགས་རང་བཞིན་གྱི་བསམ་གཞིག་གིས་བསྐྱེད་པའི་སེམས་འཚབ་ཞི་ལྷོད་དུ་གཏོང་ཐུབ་རུང་། བཙན་ཤུགས་རང་བཞིན་གྱི་བྱ་སྤྱོད་ཇེ་དྲག་དང་ཇེ་མང་དུ་འགྲོ་བར་སྐུལ་བ་རེད། ནད་རྟགས་དེའི་རྒྱུན་མཐོང་གི་བྱ་སྤྱོད་ནི་ལག་པ་བཀྲུ་བ་དང་ཕྱིར་སྒོ་ཟྭ་རྒྱག་ཏུ་འགྲོ་བ་རེད།
ནད་ཤེས་ཀྱི་ཚོར་བ། བཙན་ཤུགས་རང་བཞིན་གྱི་ནད་བྱུང་བའི་ནད་པས་རྒྱུན་པར་རང་ཉིད་ལ་ནད་རྟགས་དེ་རིགས་ཡོད་པ་ཚོར་ཡོང་མོད། འོན་ཀྱང་སྐབས་མང་ཆེ་ཤོས་ཤིག་ལ་ཁོ་ཚོས་རང་ཉིད་ཀྱི་བཙན་ཤུགས་རང་བཞིན་གྱི་དྲན་ཚུལ་ནི་དོན་སྙིང་མེད་པ་དང་ཡང་ན་འུར་བརྗོད་ཡིན་པར་སྙམ་ཞིང་། དུས་མཚུངས་སུ་ཁོ་ཚོའི་བཙན་ཤུགས་རང་བཞིན་གྱི་བྱ་སྤྱོད་དེ་དགོས་མཁོ་མེད་པར་འདོད་ཀྱིན་ཡོད། ཡིན་ཡང་ཤེས་བྱ་དེ་དག་གིས་བཙན་ཤུགས་རང་བཞིན་གྱི་བསམ་གཞིགས་དང་བྱ་སྤྱོད་མཚམས་འཇོག་པར་ནུས་པ་ཆེན་པོ་ཐོན་གྱིན་མེད།
བཙན་ཤུགས་རང་བཞིན་གྱི་ནད་རྟགས་ལ་མཚོན་ཚུལ་གང་དག་ཡོད་དམ།
གཙང་བཀྲུ་བྱེད་པའི་བཙན་ཤུགས། རྒྱུན་དུ་ལག་པ་བཀྲུ་བ་དང་གོམ་པ་བཀྲུ་བ་སོགས།
ཞིབ་བཤེར་བྱེད་པའི་བཙན་ཤུགས། དེ་ནི་ནད་པས་བཙན་ཤུགས་ལས་སྐྱེས་པའི་དོགས་ཟོན་དང་སེམས་འཚབ་ཇེ་ཉུང་དུ་གཏོང་ཆེད་ལག་ཏུ་བསྟར་བའི་བྱེད་ཐབས་ཤིག་ཡིན་ཏེ། དཔེར་ན། སྒོ་ཕྱིར་འགྲོ་བའི་སྐབས་སུ་ཡང་དང་བསྐྱར་དུ་ཁང་པའི་སྒོ་དང་སྒེའུ་ཁུང་བརྒྱབ་ཡོད་མེད་ལ་ཞིབ་བཤེར་བྱེད་པ་ལྟ་བུ།
བཙན་ཤུགས་རང་བཞིན་གྱི་བྱ་སྤྱོད་མང་བ། བཙན་ཤུགས་རང་བཞིན་གྱི་ནད་རྟགས་བྱུང་བའི་ནད་པས་རྒྱུན་པར་བཀྲ་མི་ཤིས་པའི་དོན་དག་དང་འཕྲད་ཚེ་བྱ་སྤྱོད་སྣ་ཚོགས་འདོན་གྱིན་ཡོད། བྱ་སྤྱོད་འདྲ་མིན་སྣ་ཚོགས་བཏོན་ནས་སེམས་པ་མི་སྐྱིད་པའི་སྣང་བ་སེལ་བྱེད་ལག་པས་བྲང་ལ་རྡུང་བ་ལྟ་བུའོ། །
གྲངས་ཀ་བརྩི་བའི་བཙན་ཤུགས། བཙན་ཤུགས་རང་བཞིན་གྱི་ནད་རྟགས་བྱུང་བའི་ནད་པ་ལ་མཚོན་ན། བྱ་དངོས་དག་དང་འཕྲད་ཚེ(གློག་སྡོང་། སྐས་རིམ། རླངས་འཁོར། ཨང་རྟགས།)རང་གིས་རང་ལ་ཚོད་འཛིན་བྱེད་མི་ཐུབ་པར་ཡང་དང་བསྐྱར་དུ་བརྩིས་ནས། བརྩིས་པའི་གྲངས་ཀ་གཅིག་ཐོག་ཏུ་མ་བཞག་ཚེ་ནད་པའི་སེམས་བདེ་ལ་འབབ་མི་ཐུབ་པར་སེམས་འཚབ་ཀྱིན་ཡོད། །
རྩོམ་སྒྲིག་པ། འབྲུག་མོ།