སྤྱི་སྤྱོད་རླངས་འཁོར་ལ་བསྡད་རྗེས་འདུག་གནས་ལེགས་པོ་ཞིག་བཙལ་ཏེ། མགོ་བོ་དགྱེ་ཞིང་བྲང་ཁ་ལྡིར། དབུགས་རྔུབ་བཞིན་རྐུབ་ཡར་བཀྱགས། དེ་ལྟར་ཐང་ཆད་པའི་བར་དུ་དབུགས་རྔུབ་པ་དང་གསུས་པ་ཁོག་ཏུ་སྡུད་པ། རྐུབ་འགྱོག་པ་བཅས་རེས་མོས་བཞིན་བྱས་ན་ལེགས། བྱེད་ཐབས་འདི་ནི་གསུས་པའི་ཤ་གནད་བསྡུ་བར་ནུས་པ་ཡོད།
མགོ་བོ་ནུས་ཚོད་ཀྱིས་བྲང་ཁར་མར་སྒུར་བ་དང་། དེ་ནས་ལུས་པོ་ཡར་དགྱེ་བ། དེ་ལྟར་རྐེ་ལ་ཟུག་གཟེར་ལངས་པ་ན་མཚམས་འཇོག་དགོས།
མགོ་བོ་ནུས་ཚོད་ཀྱིས་གཞོགས་གཅིག་ལ་འགུགས་པ་དང་། དེ་ལྟར་རྐེ་ལ་ཟུག་གཟེར་ལངས་རྗེས་མཚམས་འཇོག་དགོས། དེ་ནས་གཞོགས་གཞན་གཅིག་ལ་འགུགས་པ་དང་། དེ་ཡང་རྐེ་ལ་ཟུག་གཟེར་ལངས་རྗེས་མཚམས་འཇོག་དགོས།
སྔོན་ལ་མགོ་བོ་མདུན་དང་གཡོན། རྒྱབ། གཡས་ཀྱི་རིམ་པ་དང་དེ་ནས་མདུན་དང་གཡས། རྒྱབ། གཡོན་གྱི་རིམ་པ་ལྟར་དུ་ཤུགས་ཆེན་པོས་སྐོར་བར་བྱེད། འགུལ་སྟངས་འདི་ནི་རྐེ་ཡི་ཤ་གནད་ལ་ཕན་པ་ཡོད།
ཕྲག་པ་དགྱེ་བའི་འགུལ་སྟངས་ལ་རིགས་གསུམ་ཡོད་དེ། གཅིག་ནི་ཕྲག་པ་གཅིག་མཐོ་གཅིག་དམའ་བྱས་ནས་རེས་མོས་ཀྱིས་བརྗེ་བ་དང་། གཉིས་ནི་ཕྲག་པ་གཉིས་དུས་གཅིག་ཏུ་ཡར་དགྱེ་བ། གསུམ་ནི་ཕྲག་པ་གཅིག་མཐོ་གཅིག་དམའ་བྱས་ཏེ་སྐོར་བ་རྒྱག་པའི་སྒོ་ནས་འགུལ་བ་བཅས་ཡིན། །
རྩོམ་སྒྲིག་པ། འབྲུག་མོ།