ལས་བྱེད་པར་འཚམ་པའི་མིག་ཁམས་བདེ་སྲུང་གི་བྱེད་ཐབས་ཤིག་ཡོད་དམ།
2019.10.28 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 20

གཞུང་ལས་ཁང་དུ་ལས་བྱེད་པ་དག་གིས་ནམ་རྒྱུན་གློག་ཀླད་ལ་ཅེར་ནས་བསྡད་ཡོད་ཅིང་། ཉིན་ཧྲིལ་པོར་གློག་ཀླད་ཀྱི་མདུན་དུ་ལས་ཀ་ལས་བཞིན་ཡོད། དེ་ལྟར་དུས་ཡུན་རིང་པོ་འགོར་ན་མིག་ལ་ཟུག་གཟེར་སློང་སྲིད། དེའི་རིགས་སྔོན་འགོག་ལེགས་པོ་མ་བྱས་ཚེ་མིག་གི་མཐོང་ཚད་ལ་གནོད་པ་དང་མིག་གི་མཐོང་ཚད་ཇེ་སྡུག་ཏུ་འགྲོ་སླ། དེ་བས་གཞུང་ལས་ཁང་གི་ལས་བྱེད་པ་ཚོས་དུས་རྒྱུན་མིག་ཁམས་བདེ་སྲུང་དང་མིག་ཟུང་ངལ་གསོ་བྱ་རྒྱུ་གལ་ཆེ།

མིག་ཁམས་བདེ་སྲུང་གི་རྩལ་སྦྱོང་ནི་དུས་རྒྱུན་རྒྱུན་འཁྱོངས་བྱེད་དགོས། རྩལ་སྦྱོང་བྱེད་ཚུལ་ཡང་དག་པ་ཡིན་ན་ད་གཟོད་ནུས་པ་ཐོན་སྲིད། སྤྱིར་བཏང་ཉིན་གཅིག་ལ་ཐེངས་གཉིས་སྦྱོང་དགོས་ཏེ། སྔ་དྲོ་དང་ཕྱི་དྲོ་ལ་ཐེངས་གཅིག་རེ་སྦྱངས་ན་ལེགས། རྩལ་སྦྱོང་བྱེད་དུས་མིག་གཉིས་བཙུམས་ནས་བློ་རྩེ་གཅིག་ཏུ་བསྒྲིམས་རྗེས། གསང་མིག་གནད་ཐོག་ཏུ་ཁེལ་བར་བྱེད་དགོས། ལག་ཤུགས་འཇམ་པོ་ཡོང་དགོས་ལ། ཟུག་གཟེར་གྱི་ཚོར་བ་ཐོན་དུས་མཚམས་བཞག་ཆོག

གོ་རིམ་དང་པོ། རྣ་ཞབས་གསང་མིག་འཕུར་མཉེད་དང་རྐང་མཛུབ་ཀྱིས་ཐང་ལ་སྤར་འཛིན་བྱེད་པ། མཐེ་བོང་དང་གོང་མཛུབ་གཉིས་ཀྱིས་རྣ་ཞབས་དཀྱིལ་དབུས་ཀྱི་གསང་མིག་མཉེད་ཅིང་། མཛུབ་མོ་གཞན་གསུམ་ག་རང་བཞིན་གྱིས་བཀུག་སྟེ། རོལ་མོའི་འགྲོས་དང་བསྟུན་ནས་མཐེ་བོང་དང་གོང་མཛུབ་གཉིས་ཀྱིས་འཕུར་མཉེད་བྱེད་དགོས་ལ་རྐང་པ་གཉིས་ཀྱི་སོར་མོས་ཐང་ལ་སྤར་འཛིན་བྱས་ནས་འགུལ་སྐྱོད་བྱེད་དགོས།

གོ་རིམ་གཉིས་པ། མུར་གོང་འཕུར་མཉེད་དང་མིག་མཐའ་འཕུར་བ། ལག་པ་ཟུང་གི་མཐེ་བོང་གིས་མུར་གོང་གཉིས་རེ་རེ་བཞིན་མནན་ཅིང་མཛུབ་མོ་གཞན་དག་རང་དགར་ལྷོད་ལ་བབས་ནས། རོལ་མོའི་འགྲོས་དང་བསྟུན་ཞོར་མཐེ་བོང་གིས་མུར་གོང་ལ་འཕུར་མཉེད་བྱེད། ཚིགས་འགྲོས་རེར་སྐོར་བ་གཅིག་དང་བསྡོམས་པས་སྐོར་བ་བཞི་རྒྱག་དགོས། དེ་ནས་མཐེ་བོང་མི་འགུལ་ལ་མཛུབ་མོའི་ཚིགས་གཉིས་པའི་ནང་ངོས་ཀྱིས་ཤུགས་ཅུང་ཡོད་པའི་སྒོ་ནས་སྨིན་མའི་མགོ་ནས་མཐའ་བར་དུ་འཕུར། ཚིགས་འགྲོས་གཉིས་རེར་འདྲུད་ཐེངས་གཅིག་དང་བསྡོམས་པས་ཐེངས་གཉིས་ལ་འདྲུད་དགོས། དེ་ལྟར་རེས་མོས་ཀྱིས་ཚིགས་འགྲོས་བརྒྱད་ཅན་ཐེངས་བཞིར་སྦྱང་དགོས།

གོ་རིམ་གསུམ་པ། ཁུར་ཐོད་འཕུར་མཉེད། མཛུབ་མོའི་ནང་ངོས་ཀྱིས་གཞོགས་གཉིས་ཀྱི་གསང་མིག་གཉིས་སོ་སོར་མནན་ཅིང་། མཐེ་བོང་གཉིས་མ་ནེའི་བར་དུ་བསྲིངས། སོར་མོ་གཞན་དག་གིས་ཤ་ལྷོད་དེ་ཁུ་ཚུར་བཅིངས་ལ། ཁུ་ཚུར་གྱི་ཁོག་པ་སྟོང་བའི་རྣམ་པར་བཞག་རྗེས། རོལ་མོའི་དབྱངས་འགྲོས་དང་བསྟུན་ནས་འཕུར་མཉེད་བྱེད་དགོས། ཚིགས་འགྲོས་གཅིག་ལ་སྐོར་བ་གཅིག་དང་ཚིགས་འགྲོས་བརྒྱད་ཅན་ཐེངས་བཞིར་སྦྱང་དགོས།

གོ་རིམ་བཞི་པ། རླུང་རྫིང་ལ་འཕུར་མཉེད་བྱེད་པ། ལག་པ་གཉིས་ཀྱི་མཛུབ་མོ་དང་དཀྱིལ་མཛུབ་ནང་ངོས་ཀྱིས་གཞོགས་གཉིས་ཀྱི་གསང་མིག་སོ་སོར་གནོན་ལ། མཛུབ་མོ་གཞན་དག་རང་དགར་ལྷོད་ལ་བབས་ནས་རོལ་མོའི་འགྲོས་དང་བསྟུན་ཞོར་གསང་མིག་ལ་འཕུར་མཉེད་བྱེད་དགོས། ཚིགས་འགྲོས་རེར་སྐོར་བ་གཅིག་དང་ཚིགས་འགྲོས་བརྒྱད་ཅན་ཐེངས་བཞིར་སྦྱང་དགོས།

གོ་རིམ་ལྔ་པ། སྤྱི་གཙུག་ལ་འཕུར་མཉེད་བྱེད་པ། ལག་པ་གཉིས་ཀྱི་མཛུབ་མོ་ནང་དུ་བཀུག་ནས་སྤྱི་གཙུག་ཐེངས་བཞིར་གནོན་དགོས། མདུན་ནས་གཞུག་བར་དུ་རིམ་བཞིན་ལྷོད་ལ་འབབ་པ་དང་། རོལ་མོའི་འགྲོས་དང་བསྟུན་ནས་ཚིགས་འགྲོས་རེར་ཐེངས་གཅིག་འཕུར་དགོས། ཚིགས་འགྲོས་བརྒྱད་ཅན་ཐེངས་བཞིར་སྦྱང་དགོས།

རྩོམ་སྒྲིག་པ། འབྲུག་མོ།